༄༅། །བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་རུ་ཁག་དབྱིན་ཡུལ་དུ་ཀོ་ནི་ཕཱ(CONIFA)རྒྱལ་སྤྱིའི་རྐང་རྩེད་པོ་ལོའི་འགྲན་བསྡུར་ནང་མཉམ་བཞུགས་གནང་བར་འབྱོར་བ་རྣམས་ལ། ཀོ་ནི་ཕཱ(CONIFA)རྐང་རྩེད་པོ་ལོའི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ནས་ཊུ་ཝི་ཊར་དྲ་ཚིག་ཐོག་གཞུང་འབྲེལ་དགའ་བསུའི་སྣེ་ལེན་གནང་འདུག།
རེས་གཟའ་ལྷག་པའི་ཉིན་ ཀོ་ནི་ཕཱ(CONIFA)འི་གཞུང་འབྲེལ་ཊུ་ཝི་ཊར་དྲ་ཚིག་ཐོག་བོད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་ལོན་ཌོན་དུ་ཕེབས་པར་དགའ་བསུ་ཡོད། ཁྱེད་རྣམས་ཕེབས་ཐུབ་པར་ང་ཚོ་དགའ་ཚོར་ཆེན་པོ་བྱུང་བ་དང་ཆབས་ཅིག་སྤོབ་པའང་ཡོད། བདུན་ཕྲག་རྗེས་མ་༢༠༡༨ལོའི་རྒྱལ་སྤྱིའི་རྐང་རྩེད་པོ་ལོའི་འགྲན་བསྡུར་ནང་ཁྱེད་རྣམ་མཉམ་བཞུགས་གནང་བ་མཐོང་འདོད་ཆེན་པོ་འདུག་ཅེས་གསུངས་བཞག།
བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་རྩེད་འགྲན་པ་རྣམས་དབྱིན་ཡུལ་དུ་ཕྱིར་ཐོན་མ་གནང་གོང་། ཟླ་བ་འདིའི་ཚེས་༡༨ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་རྩེད་འགྲན་པ་ཚོ་འཛམ་གླིང་གི་ས་ཕྱོགས་གང་དུ་ཕྱིན་ཀྱང་བོད་མིའི་རིག་གཞུང་དང་གོམས་གཤིས་མ་བརྗེད་པ་བྱེད་དགོས་པའི་བཀའ་སློབ་བསྩལ་གནང་མཛད་འདུག།
རྒྱལ་སྤྱིའི་ཐོག་སྙན་བསྒྲགས་ཆེ་བའི་FIFA རྐང་རྩེད་པོ་ལོའི་འགྲན་ཚོགས་ནང་མཉམ་བཞུགས་མི་ཐུབ་མཁན་གྱི་གྲས་གཞུང་འབྲེལ་གྱི་ངོས་ལེན་མེད་པའི་འཛམ་གླིང་གི་རྩོད་རྙོག་ཅན་གྱི་ས་ཁུལ་དང་། སྐྱབས་བཅོལ་བ་དང་། རྒྱལ་ཁབ་མེད་པའི་གྲངས་ཉུང་མི་རིགས་སོགས་ཀྱི་ཆེད་རྒྱལ་སྤྱིའི་ཐོག་ ཀོ་ནི་ཕཱ(CONIFA)རྐང་རྩེད་པོ་ལོའི་འགྲན་བསྡུར་བཙུགས་ཏེ། ལོ་གཉིས་རེའི་མཚམས་སུ་འགྲན་ཚོགས་རེ་གནང་གི་ཡོད་པ་བཞིན། ༢༠༡༨ལོའི་འགྲན་རྩེད་འདིའི་ནང་བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་རུ་ཁག་མཉམ་ཞུགས་གནང་བར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་འབྱོར་གནང་འདུག།
རྩེད་འགྲན་དེ་བཞིན་ཟླ་བ་འདིའི་ཚེས་༣༡ནས་འགོ་འཛུགས་ཀྱིས་ཕྱི་ཟླ་༦པའི་
ཚེས་༩བར་གནང་རྒྱུ་ཡིན་འདུག ཀོ་ནི་ཕཱ(CONIFA)འི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཛམ་གླིང་གི་གླིང་ཆེན་༥ནས་རྒྱལ་ཁབ་སོ་སོ་ངོ་ཚབ་མཚོན་པའི་རྩེད་འགྲན་པའི་རུ་ཁག་༡༦ཡོད་པ་དང་། བོད་པའི་རྩེད་འགྲན་པ་ཚོའི་འགྲན་བསྡུར་དང་པོ་དེ་ཕྱི་ཚེས་༣༡ཉིན་Abkhazia འི་རུ་ཁག་མཉམ་ཡིན་པ་དང་། ཕྱི་ཟླ་༦པའི་ཚེས་༢ཉིན་Northern Cyprusདེ་བཞིན་༦པའི་ཚེས་༣ཉིན་Karpatalyaའི་རྐང་པོ་ལོ་རུ་ཁག་དང་མཉམ་འགྲན་བསྡུར་གནང་རྒྱུ་ཡིན་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།
ཀོ་ནི་ཕཱ་རྐང་རྩེད་པོ་ལོའི་གོ་སྒྲིག་ཚོགས་ཆུང་ནས་བོད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་ལ་དགའ་བསུ།
