བསྟན་པ་གོང་སྤེལ་ལྷན་ཚོགས་མཇུག་སྒྲིལ།

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་མཇུག་སྒྲིལ་བྱུང་འདུག
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་མཇུག་སྒྲིལ་བྱུང་འདུག (བོད་ཀྱི་དྲ་བརྙན།)

༄༅། །བཞུགས་སྒར་དྷ་སའི་ཉེ་འགྲམ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཕྱི་ཚེས་༡༤ནས་དབུ་འཛུགས་གནང་བའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་དེ། དེ་རིང་ཕྱི་ཚེས་༡༧ཉིན་མཇུག་སྒྲིལ་གནང་བཞག ལྷན་ཚོགས་མཇུག་སྒྲིལ་གྱི་ཉིན་མཐའ་མར་སྐུ་མགྲོན་གཙོ་བོ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་བཅས་ནས་ཚོགས་མགོན་དུ་ཕེབས་ཡོད་པ་རེད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་སྐུ་ཚབ་མཁན་པོ་དགེ་བཤེས་རྣམ་པ་ལྷན་འཛོམས་ཐོག་ཉིན་གྲངས་བཞིའི་རིང་བཀའ་བསྡུར་གནང་བའི་མཐར། སློབ་གཉེར་དང་རྒྱུགས་སྤྲོད་ཀྱི་ལམ་ལུགས་ཚད་ལྡན་ཡོད་པའི་ཆོས་སྡེ་སོ་སོས་ཞུ་བསྐུལ་གནང་ཚེ། ཆོས་རིག་ལས་ཁུངས་ནས་རྒྱུགས་སྤྲོད་ལྟ་རྟོག་སླད་སྐུ་ཚབ་རེ་བསྐོ་གཏོང་དང་། ད་ལྟ་ཆོས་བརྒྱུད་འགའ་ཞིག་གི་སློབ་གཉེར་ཁང་ནས་བསྩལ་བའི་སློབ་ཐོན་ལག་འཁྱེར་ཐོག་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་དག་མཆན་འགོད་ཀྱི་ཡོད་པ་ལྟར། སྤྱི་མཚུངས་གནང་རྒྱུ་སོགས་གྲོས་ཆོད་དོན་ཚན་ཁག་ཅིག་གཏན་འབེབས་གནང་འདུག།