༄༅༎བོད་དང་བོད་མིར་ལོ་མང་རིང་རྒྱབ་བསྐྱོར་གནང་མཁན་ཨི་ཀྲ་ལིའི་ལྷོ་ཀྲེ་རོལ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་སེ་པལ་ལེམ་པེ་རེཀཏ་ཉེ་ལམ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག གནས་ཚུལ་འདི་Tibet Post Internationalཞེས་པའི་བོད་ཀྱི་གནས་ཚུལ་འགྲེམས་སྤེལ་གནང་མཁན་གྱི་དྲ་རྒྱས་དེས་རེས་གཟའ་ཟླ་བ་ཉིན་གནས་ཚུལ་སྤེལ་ཡོད་པ་མ་ཟད་དྲ་རྒྱ་དེས་སྐུ་ཞབས་ལེམ་པེ་རེཀཏ་ནི་བོད་དང་བོད་མིར་རྒྱུན་རིང་པོའི་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྐོར་གནས་ཚུལ་བཀོད་ཡོད་པ་རེད་ བཙན་བྱོལ་བོད་གཞུང་གི་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་རྒྱུན་ལས་ཀྱིས་Tibet Post Internationalཞེས་པའི་དྲ་རྒྱ་དེས་དོ་སྣང་ཆེན་པོའི་ཐོག་ཉེ་ལམ་ལྷོ་ཀྲེ་རོལ་གྱི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ལེམ་པེ་རེཀཏ་འདས་གྲོངས་གྱུར་བར་ཐུགས་གསོའི་འཚམས་འདྲི་གནང་བའི་ཡི་གེའི་ངོ་བཤུས་སྤྱི་འཐུས་ལྷན་ཁང་ལ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད་ ལྷོ་ཀྲེ་རོལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཕེ་རེནཛ་པོལ་ཡིས་ཕྱི་ཚེས་༡༠ཉིན་ཕྱག་བྲིས་ཤིག་འགྲེམས་སྤེལ་གནང་བའི་ནང་བློ་ཕམ་པའི་ཐོག་ངའི་རྗེས་འཛིན་པ་སྐུ་ཞབས་ལེམ་པེ་རེཀཏ་༢༠༡༠ལོའི་ཕྱི་ཟླ་༡༢པའི་ཚེས་༢༨ཉིན་སྙིང་རྩ་འགག་ནས་སྐུ་གཤེགས་ཡོད་པ་རེད་ཅེས་དང་ཁོང་སྙིང་རྩ་མ་འགག་སྔོན་སྨན་ཁང་ཁག་ལ་སྨན་གཏུགས་མང་པོ་གནང་ཡོད་པ་རེད་ ཁོང་སྐུ་གཤེགས་པ་དེས་ང་ཚོར་གྱོང་གུན་ཆེན་པོ་ཞིག་དང་ཁོང་ནི་བོད་མི་རྣམས་ཀྱི་མཛའ་གྲོགས་ཡག་པོ་ཞིག་དང་བོད་མིའི་རྩ་དོན་ཐོག་རྒྱབ་བསྐྱོར་གནང་མཁན་ཞིག་རེད་ཅེས་ལྷོ་ཀྲེ་རོལ་གྱི་སྲིད་འཛིན་ཟུར་པ་ཕེ་རེནཛི་པོལ་ཡི་ཕྱག་བྲིས་དེའི་ནང་བཀོད་ཡོད་པ་རེད་