གཞས་མ་རྒྱ་མོ་སྐྱིད་ཀྱིས་འབོད་སྐུལ།

རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི་ཡིན་པ་། བོད་རིགས་གཞས་མ་རྒྱ་མོ་སྐྱིད་ཀྱིས་བོད་རིགས་ཚོར་ཕྱོགས་རིས་ཀྱིས་དབྱེ་འབྱེད་བྱེད་པ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་ཀྱི་ཡོད་པས་བོད་རིགས་ཚང་མར་ཁ་བྲལ་རིང་ལུགས་པ་ཡིན་པའི་ལྟ་ཚུལ་བཟུང་བ་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་ཧོང་ཀོང་ནས་ཐོན་པའི་ལྷོ་རྒྱ་ནག་གི་ཕོ་ཉ་ཞེས་པའི་གསར་ཤོག་གི་ནང་ཕྱི་ཟླ་ ༣ ཚེས་ ༦ ཉིན་གནས་ཚུལ་བཀོད་འདུག

རྒྱ་མོ་སྐྱིད་ལགས་ནི་བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁོངས་སུ་སྐྱེས་པའི་ལོ་ན་༥༤ ཡིན་པ། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་དམག་དཔོན་ཞིག་དང་གཞས་མ་ཞིག་ཡིན་ཞིང་། ཁོང་དེང་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་བཞིན་པའི་རྒྱ་ནག་གི་ཆབ་སྲིད་གྲོས་མོལ་ཚོགས་ཆེན་གྱི་བཞུགས་མོལ་ལྷན་ཚོགས་ཐོག་མཉམ་ཞུགས་སྐབས་གོང་གི་གཏམ་བཤད་དེ་སྤེལ་བ་ཡིན་འདུག

ཁོང་གིས་ཚོགས་འདུའི་ཐོག། ལོ་བཅུའི་སྔོན་ཏེ་ ཕྱི་ལོ་ ༢༠༠༨ལོར་ལྷ་སར་གསུམ་པའི་དོན་རྐྱེན་བྱུང་རྗེས་སུ་རྒྱ་ནག་གིས་བོད་པ་གྲངས་ཉུང་མི་རིགས་ཚོར་ཕྱོགས་ལྷུང་གིས་མཐོང་ཚུལ་མ་འདྲ་བ་ཞིག་བཟུང་ཡོད་སྐོར་དང་། ཁོང་མོ་རང་ཉིད་ལ་ཡང་དཀའ་ངལ་དེ་འཕྲད་པའི་གནས་ལུགས་འགྲེལ་བརྗོད་གནང་འདུག་ཅིང་། ཁོང་གིས་སྐབས་ཞིག་ཁོང་རྒྱ་ནག་རྒྱལ་ས་པེ་ཅིང་དུ་གཞས་སྣ་འཁྲབ་སྟོན་གྱི་རུ་ཁག་ཞིག་འགོ་འཁྲིད་ནས་བསྐྱོད་སྐབས་མི་གཞན་ཚང་མ་མགྲོན་ཁང་ནང་དཀའ་ངལ་མེད་པར་ཐོ་འགོད་ཀྱིས་བསྡད་བཅུག་ཡོད་ན་ཡང་ཁོང་མོ་བོད་པ་ཡིན་པའི་རྐྱེན་གྱིས་མགྲོན་ཁང་དུ་ཐོ་འགོད་བྱེད་བཅུག་མེད་པའི་གནས་ཚུལ་གསལ་བཤད་གནང་འདུག

རྒྱ་མོ་སྐྱིད་ལགས་ཀྱིས་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་ཐོག། བོད་ཀྱི་ས་ཁུལ་ཁག་དུ་གནས་ཚུལ་ལྷིང་འཇགས་ཡོང་ཐབས་སུ་གྲངས་ཉུང་མི་རིགས་ཚོར་དབང་ཆ་དང་། གོ་གནས་སྤྲོད་ན་ཕན་ཐོགས་ཡོང་རྒྱུ་ཡིན་པའི་དགོངས་ཚུལ་གསུངས་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།