༄༅༎རྒྱ་ནག་གུང་ཁྲན་ཚོགས་པའི་དཔོན་རིགས་མཐོ་གྲས་ཟུར་པ་ཁག་ཅིག་གིས་རྒྱ་ནག་ནང་སྨྲ་བརྗོད་རང་དབང་དགོས་པའི་ཡོངས་ཁྱབ་ཡི་གེ་ཞིག་ཕྱིར་བསྒྲགས་གནང་ཡོད་འདུག
ཡོངས་ཁྱབ་ཡི་གེ་དེའི་ཐོག་རྒས་ཡོལ་ཟིན་པའི་རྒྱ་ནག་གི་དཔོན་རིགས་མཐོ་གྲས་༢༣གྱིས་མཚན་རྟགས་བཀོད་ནས་ཕྱི་ཟླ་བཅུ་པའི་ཚེས་༡༡ཉིན་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཚོགས་ལ་ཡོངས་ཁྱབ་ཀྱིས་ཕུལ་ཡོད་པ་དང་ ཡོངས་ཁྱབ་ཡི་གེ་དེ་གཙོ་བྲིས་གནང་མཁན་གོང་ཞུས་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཟུར་པ་ཚོ་ཕུད་ ད་དུང་ལས་རིགས་འདྲ་མིན་གྱི་མི་གྲངས་༤༧༦གི་ས་རྟགས་ཡང་བཀོད་ཡོད་པ་རེད།
རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཐོག་ཕུལ་བའི་ཡོངས་ཁྱབ་ཡི་གེ་དེ་བྲིས་གནང་ཏེ་ས་རྟོགས་བཀོད་མཁན་གྱི་གྲས་སུ་རྒྱ་ནག་དབུས་སྒྲིག་འཛུགས་ལས་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཟུར་པ་དང་མའོ་ཙེ་ཏུང་གི་དྲུང་ཡིག་གནང་མྱོང་ཡོད་པ་ལིའི་དབྱུས་དང་ རྒྱ་ནག་མི་མང་ཉིན་རེའི་ཚགས་ཤོག་གི་རྩོམ་སྒྲིག་འགན་འཛིན་ཟུར་པ་ཧུའུ་ཅིས་འུད་ ཤིན་ཧའ་གསར་འགྱུར་ལས་ཁང་གི་འགན་འཛིན་གཞོན་པ་ཟུར་པ་ལིའི་ཕུའུ་སོགས་རྒྱ་ནག་གི་དཔོན་རིགས་ཟུར་པ་ཉི་ཤུ་རྩ་གསུམ་ཡོད་པ་དང་ ཡོངས་ཁྱབ་ཡི་གེ་དེའི་ནང་གཙོ་བོ་རྒྱ་ནག་གཞུང་གིས་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༥ནང་འཁོད་པ་བཞིན་ལག་བསྟར་བྱེད་དགོས་པ་དང་ གསར་འགྱུར་བརྒྱུད་ལམ་ཁག་གིས་གསར་འགྱུར་ནང་དོན་ལ་སྔོན་ནས་ལྟ་ཞིབ་བྱེད་ཡས་ཀྱི་ལུགས་སྲོལ་མེད་པ་བཟོས་ནས་སྤྱི་འབངས་ལ་སྨྲ་བརྗོད་རང་དབང་སྤྲོད་དགོས་ལུགས་སོགས་བཀོད་ཡོད་ཅིང་ ཡོངས་ཁྱབ་ཡི་གེ་དེའི་ནང་ད་དུང་གོང་ཞུས་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༥དེ་བཞིན་འདས་པའི་ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་ལག་བསྟར་བྱེད་མྱོང་མེད་པ་དང་ རྒྱ་ནག་གཞུང་གིས་སྤྱི་འབངས་ཀྱི་སྨྲ་བརྗོད་རང་དབང་རྩ་ཁྲིམས་ནང་འཁོད་པ་བཞིན་ལག་བསྟར་གནང་དགོས་པ་མ་ཟད་ རྒྱ་ནག་ནང་གསར་འགྱུར་དང་འགྲེམས་སྤེལ་ལས་རིགས་ཚང་མའི་ཐོག་ཞིབ་བཤེར་བྱེད་ཀྱི་ཡོད་པའི་སྲིད་བྱུས་དེ་མེད་པ་བཟོ་དགོས་པ་དང་ རྒྱ་ནག་གུང་ཁྲན་ཚོགས་པའི་འབྲེལ་ཡོད་ལས་ཁུངས་ཁག་གིས་སྟངས་འཛིན་བྱེད་བཞིན་པའི་རྒྱ་ནག་གི་གསར་འགྱུར་བརྒྱད་ལམ་དེ་བཞིན་གུང་ཁྲན་ཚོགས་པའི་མགྲིན་པ་ནས་སྤྱི་ཚོགས་ཀྱི་ལག་ཆ་ཞིག་ཏུ་འགྱུར་དགོས་པ་སོགས་ཀྱི་འབོད་སྐུལ་གནང་ཡོད་པ་རེད།