ལ་དྭགས་ནས་གནམ་གཤིས་འགྱུར་ལྡོག་གི་དཔང་རྟགས་སུ་འཁྱག་རྡོ་ཞིག་མཉམ་འབྲེལ་རྒྱལ་ཚོགས་སུ་འཁྱེར་རྒྱུ།
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༢ ཉིན་ལ་དྭགས་རྒྱལ་ས་གླེ་རུ། ལ་དྭགས་ཆོས་ཚོགས་འདྲ་མིན་གྱི་གཞོན་ནུ་ཚོགས་པ་དང་ཁོར་ཡུག་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་ནས། ལ་དྭགས་ལ་རྩ་ཁྲིམས་དང་ཁོར་ཡུག་སྲུང་སྐྱོབ་ཐོག་ཕྱག་ལས་དང་རྒྱབ་སྐྱོར་གནང་མཁན་ལ་དྭགས་ཀྱི་དཔོན་རིགས་དང་ཆོས་ཚོགས་འདྲ་མིན། རྒྱ་གར་དབུས་གཞུང་བཅས་ལ་ཐུགས་རྗེ་ཆེ་ཞུ་དང་མཉམ། ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱི་ལོ་ ༢༠༢༥ དེ་བཞིན་རྒྱལ་སྤྱིའི་འཁྱགས་རོམ་གཅེས་སྲུང་གི་ལོར་ངོས་འཛིན་གནང་བར་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཞིག་གོ་སྒྲིག་དང་མཉམ། ཁོར་ཡུག་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་ནས་རྒྱལ་སྤྱིའི་ཁྲོད་གནམ་གཤིས་འགྱུར་ལྡོག་གི་གོ་རྟོགས་སྤེལ་ཆེད་ལ་དྭགས་ནས་འཁྱག་རྡོ་ཞིག་འཁྱེར་ཏེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བཅར་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་རེད།

ཁོར་ཡུག་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་ལ། དེང་གངས་རི་མང་པོ་བཞུར་བཞིན་ཡོད་པས་ལས་འགུལ་དེའི་བརྒྱུད་རྒྱལ་སྤྱིའི་ཁྲོད་མི་རྣམས་ནས་ཁོར་ཡུག་ལ་གནོད་འཚེ་ཉུང་བའི་འཚོ་བ་སྐྱེལ་དགོས་པའི་སྐུལ་མ་ཞུ་ཆེད་འཁྱག་རྡོ་དེ་འཁྱེར་ཏེ། ཁོར་ཡུག་ལ་འཚེ་བ་བྱེད་མཁན་ཉུང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་། མ་ཟད་ཁོང་གིས་མུ་མཐུད། ལ་དྭགས་ཀྱི་ཁོར་ཡུག་ཙམ་དུ་མ་ཟད་བོད་ནང་དུའང་རྒྱ་ནག་གཞུང་གིས་ཁོར་ཡུག་ལ་གནོད་སྐྱོན་བྱེད་བཞིན་སོགས་ཀྱི་ཐད། མི་ཚང་མས་འགན་ཆེ་བཞེས་ཀྱིས་རྒྱལ་སྤྱིའི་ཁྲོད་གོ་རྟོགས་སྤེལ་དགོས་པའི་སྐུལ་མ་གནང་སོང་།
བསོད་ནམས་དབང་ཕྱུག་ལགས་ཀྱི་ལས་འགུལ་དང་འབྲེལ། ལ་དྭགས་པ་ (Nasreen Maryam) ལགས་ནས་གངས་རི་རྣམས་བཞུར་ཏེ་མེད་པར་གྱུར་ཚེ་མི་རྣམས་འཚོ་ཐབས་ཁག་པར་གྱུར་ངེས་ཡིན་པས་ལས་འགུལ་དེ་བཞིན་མི་གཅིག་ཁོ་ནའི་འགན་མིན་པར་ལ་དྭགས་པ་ཚང་མའི་འགན་རེད་ཅེས་དང་། ལ་དྭགས་ནང་ད་ལྟའི་ཆར་གནམ་གཤིས་འགྱུར་ལྡོག་ཤུགས་ཆེ་འགྲོ་བཞིན་པར་སེམས་འཚབ་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་བསྟན་འཛིན་འགྲོ་དོན་ལགས་ཀྱིས། དེང་མི་མང་པོ་ཞིག་ལ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སེམས་འཚབ་ཤུགས་ཆེ་བྱུང་བཞིན་ཡོད་པ་བཞིན་ཁོང་ལའང་འདི་ལྟར་ཚོར་བ་འབྱུང་གི་ཡོད་སྐོར་དང་། ལ་དྭགས་ནང་གི་གཞོན་སྐྱེས་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཐད་དོ་སྣང་ཆེན་པོ་ཡོད་ཀྱང་རྒྱབ་སྐྱོར་དང་སེམས་ཤུགས་བསྐྲུན་མཁན་དགོས་མཁོ་ཆེ་བ་གསུངས་བྱུང་།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་འཁྱེར་རྒྱུའི་འཁྱག་རྡོ་དེར་བསོད་ནམས་དབང་ཕྱུག་ལགས་ནས་འཁྱག་རྡོ་དེ། ཕྱི་ཚེས་ ༡༢ ཉིན་གླེ་རྒྱལ་སར་རྟེན་གཞི་བྱས་པའི་ཆོས་ཀྱི་བསྟི་གནས་འདྲ་མིན་ནང་བྱིན་རླབས་ཞུ་བར་འཁྱེར་ཡོད་ཅིང་། ཕྱི་ཚེས་ ༡༣ ཉིན་ལ་དྭགས་ནས་ཐོན་ཏེ་ཕྱི་ཚེས་ ༢༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་འབྱོར་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།