མཚན་རྟགས་བཀོད་གནང་མཛད།
2013.06.13

༄༅། །New Zealand ཞི་བདེའི་ཐེབས་རྩ་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་གནང་བའི་བརྒྱུད། ཁ་སང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ Auckland ཞི་བདེའི་གྲོང་ཁྱེར་གྱི་བསྒྲགས་གཏམ་ཐོག་མཚན་རྟགས་བཀོད་གནང་མཛད་པ་དེས་ད་བར་ཞི་བདེའི་ཐེབས་རྩ་ཁང་གིས་Auckland གྲོང་ཁྱེར་དེ་བཞིན་ཞི་བདེའི་གྲོང་ཁྱེར་ཞིག་ཏུ་བསྒྱུར་ཐབས་གནང་རྒྱུའི་འབད་བརྩོན་བསྟུད་མར་གནང་བ་དེ་དག་ལག་ལེན་དོན་འཁྱོལ་ཡོང་རྒྱུར་ཤུགས་སྣོན་ཐེབས་སོང་ཞེས་གསུངས་བཞག གྲོང་ཁྱེར་Auckland ནང་ཡོད་པའི་Pullman གསོལ་མགྲོན་ཁང་དུ་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་པའི་སར། ༧གོང་ས་མཆོག་ཞབས་སོར་འཁོད་གནང་མཛད་དེ། Auckland ཞི་བདེའི་གྲོང་ཁྱེར་བཟོ་རྒྱུའི་བསྒྲགས་གཏམ་ཐོག་མཚན་རྟགས་བཀོད་གནང་མཛད་ཡོད་ཅིང༌། N.Zealand ཞི་བདེའི་ཐེབས་རྩ་ཁང་གི་ཚོགས་གཙོ་སྐུ་ཞབས་Yvonne Duncanཡིས་༧གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་པ་དང་ཆབས་ཅིག་གསུང་དོན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱི་སྒོ་ནས་རྒྱ་གར་དྷ་རམ་ས་ལ་དེ་བཞིན་ཞི་བདེའི་གྲོང་ཁྱེར་ཞིག་ཏུ་བསྒྱུར་ཐབས་གནང་བ་དེར་ང་ཚོས་མིག་དཔེ་བལྟས་ནས། གྲོང་ཁྱེར་Auckland དེའང་ཞི་བདེའི་གྲོང་ཁྱེར་ཞིག་བཟོ་ཐབས་སུ་ Auckland གྲོང་སྡེ་ལྷན་ཁང་དང༌། Auckland ཞི་བདེ་གྲོང་ཁྱེར་ཚོགས་ཆུང་གཉིས་མཉམ་འབྲེལ་ཐོག་ནས་བསྒྲགས་གཏམ་གྱི་རྩ་ཚིག་དེ་ལག་བསྟར་བྱ་རྒྱུ་ཡིན་ཞེས་གསུང་བཞག།