རྒྱ་ནག་གི་དམག་གྲུ་འབར་མར་བསྐོར་བསྐྱོད།
2010.09.03
༄༅༎རྒྱ་ནག་གི་དམག་གྲུ་ཐེངས་དང་པོ་འབར་མའི་ས་ཐོག་ཏུ་སྐོར་བསྐྱོད་བྱེད་པའི་ལས་དོན་མཇུག་སྒྲིལ་ཡོད་པའི་སྐོར་དེ་རིང་དབྱིན་ཇིའི་སྦི་སྦི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག
དེ་ཡང་གཞན་གྱི་མཚོ་དམག་གི་གཏོར་རྒོལ་ལ་གདོང་ལེན་བྱེད་མཁན་གྱི་རྒྱ་ནག་གི་དམག་གྲུ་གཉིས་འབར་མའི་ས་ཐོག་ཏུ་ཉིན་ལྔའི་རིང་སྐོར་བསྐྱོད་ཀྱི་ལས་དོན་དུ་བསྐྱོད་ཡོད་པ་དེ་ནི་རྒྱ་ནག་གི་མཚོ་དམག་གི་ནུས་སྟོབས་འཕེལ་རྒྱས་དང་རྒྱ་ནག་དང་འབར་མའི་དྲག་པོའི་གཞུང་བར་གྱི་ཉེ་བའི་འབྲེལ་ལམ་གྱི་རྣམ་པ་གལ་ཆེ་ཞིག་མཚོན་གྱི་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ད་དུང་རྒྱ་ནག་ཕྱོགས་ནས་བཤད་པར། གཟའ་འཁོར་རྗེས་མའི་ནང་འབར་མའི་དྲག་པོའི་གཞུང་གི་དབུ་ཁྲིད་དམག་སྤྱི་ཐན་ཤ་ལྦེ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་དང༌། ཉིན་བཞིའི་རིང་རྒྱ་ནག་ཏུ་འཚམས་འདྲི་བྱེད་པའི་རིང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ལྦེན་ཅ་པའོ་གཉིས་དང་མཇལ་འཕྲད་གནང་རྒྱུ་དང༌། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཧྲང་ཧད། ཧྲེན་ཀྲེན་བཅས་ནང་གཟིགས་སྐོར་ཕེབས་ཀྱི་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད།
རྒྱ་ནག་ཕྱོགས་ནས་སྤེལ་བའི་གསལ་བསྒྲགས་དེ་ཡིས། འབར་མ་དྲག་པོའི་གཞུང་ལ་ནུབ་ཕྱོགས་པའི་རྒྱལ་ཁབ་ཚོས་འབྲེལ་ལམ་བྱེད་པར་འཛེམས་ཟོན་བྱེད་པ་དང་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་གིས་མི་ལེགས་པའི་ལྟ་སྟངས་འཛིན་པའི་སྐབས་དེར་རྒྱ་ནག་དང་འབར་མ་དྲག་པོའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་གོང་འཕེལ་འགྲོ་བའི་རྣམ་པ་མཚོན་ཡོད་པ་རེད། དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅིའང་ཡུའུ་གསར་འགོད་ལྷན་ཚོགས་ཐོག་དམག་སྤྱི་ཐན་ཤ་ལྦེ་རྒྱ་ནག་ཏུ་ཟླ་བ་འདིའི་ཕྱི་ཚེས་༧ནས་༡༡བར་ཉིན་གྲངས་ལྔའི་རིང་འཚམས་འདྲི་ཡིན་པ་དང༌། ཁོང་གི་འཚམས་འདྲི་དེ་ཡིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་ནང་སོ་སོའི་ཞི་བདེ་དང་ཡར་རྒྱས་གོང་འཕེལ་གྱི་ཐོུང་མ་ཡིན་པའི་འབྲེལ་ལམ་སྲ་བརྟན་ཡོང་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་ཡིད་ཆེས་ཡོད་ཅེས་བཤད་ཡོད་པ་རེད།