བོད་རྔ་པ་ཁུལ་བོད་མི་བེུད་གཉིས་ལ་མེ་མདའ་ཕོག་སྐོར།
2008.08.12
༄༅༎དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཚོགས་པར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བའི་ནང༌། ཟླ་བ་འདིའི་ཕྱི་ཚེས་ ༩ ཉིན་བོད་ཀྱི་ཨ་མདོ་རྔ་པ་ཁུལ་དུ་རྒྱ་མིའི་དམག་མིས་བོད་པའི་བུད་མེད་གཉིས་ལ་མེ་མདའ་རྒྱབ་ཏེ་སྨན་ཁང་དུ་ཁྲིད་ཡོད་ཀྱང་ཁོང་གཉིས་ཀྱི་རྨས་སྐྱོན་གྱི་གནས་སྟངས་ཛ་དྲག་ཇི་ཡིན་ད་ལྟའི་ཆར་ཤེས་རྟོགས་བྱུང་མེད་པ་རེད།
བོད་པའི་བུད་མེད་དེ་གཉིས་ནང་ནས་གཅིག་ནི་ལོ་༢༢ ཡིན་པ་དང་མིང་ལ་བསོད་ནམས་དབང་མོ་དང་རྔ་པ་ས་ཁུལ་གྱི་ཚེ་ཉིད་གྲོང་ཚོ་ནས་ཡིན་ཞིང༌། བུད་མེད་གཞན་དེ་ནི་ལོ་༢༨ དང་མིང་ལ་ཀྲང་ཡི་དབྱིངས་ཟེ་བ་དང་བོད་ཀྱི་དཀར་མཛེས་ས་ཁུལ་ནང་གི་རྒྱ་རོང་ནས་ཡིན་ཞིང་ཁོང་གཉིས་ཕྱི་ཚེས་དགུའི་ཕྱི་དྲོའི་ཚོུད་༤ དང་ཕྱེད་ཀ་ཙམ་ལ་ཁྲོམ་ལམ་དུ་བསྐྱོད་པའི་ལམ་བར་རྒྱ་མིའི་དམག་མིས་མེ་འཕེན་གྱིས་བསོད་ནམས་དབང་མོའི་དཔུང་པར་མེ་མདའ་ཕོག་པ་དང་ཀྲང་ཡི་དབྱིངས་ཀྱི་ལག་པར་ཕོག་ཡོད་པ་རེད།
བོད་རང་དབང་ལས་འགུལ་ཚོགས་པར་དོན་རྐྱེན་དངོས་སུ་མཐོང་མཁན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མི་བཞི་འམ་ལྔ་ཙམ་ལ་མེ་མདའ་རྒྱབ་པ་གོ་ཐོས་བྱུང་ལུགས་དང་ད་དུང་བེུད་མེ་མདའ་ཕོག་གཉིས་ལ་རོགས་པར་བསྐྱོད་མཁན་གྱི་བོད་མི་ཚོས་གསུང་ན། མེ་མདའ་རྒྱབ་པའི་དོན་རྐྱེན་ཐོན་མ་ཐག་རྒྱ་མིའི་དམག་མི་དོན་རྐྱེན་ཐོན་ཡུལ་དུ་སླེབས་ཟིན་པ་དང་རྒྱ་མིའི་དམག་མི་དེ་དག་གིས་མེ་མདའ་རྒྱབ་ནོར་ཐེབས་པའི་གནས་ཚུལ་བཤད་ཀྱི་ཡོད་པ་དང་བུད་མེད་གཉིས་པོ་རྔ་པ་ས་གནས་ཀྱི་མི་དམངས་སྨན་ཁང་དུ་ཁྲིད་ཡོད་ཀྱང་ད་ལྟའི་ཁོང་གཉིས་སྨན་བཅོས་ཀྱི་གནས་སྟངས་ཤེས་རྟོགས་མེད་པ་རེད།