༄༅༎རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་དབན་དབར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་པའི་ཁོར་ཡུག་དེའི་འོག་རྒྱ་ནག་ནས་ཐེ་དབན་དུ་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་གྱི་གྲངས་འབོར་ཡང་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་འདས་པའི་ལོ་གཅིག་གི་དུས་ཡུན་ནང་སྐམ་ས་ཆེན་པོ་ནས་ཡོང་པའི་ཡུལ་སྐོར་སྤྲོ་འཆམ་ལས་དོན་གྱི་ཐོག་ནས་ཐེ་དབན་ནང་ཨ་རིའི་ཌོ་ལར་ས་ཡ་བདུན་བརྒྱ་དྲུག་བཅུ་རེ་བཞི་ཙམ་གྱི་ཡོང་འབབ་བྱུང་ཡོད་པ་ཡིན་འདུག
ཐེ་དབན་གྱི་ཉིན་རེའི་གསར་ཤོག་རྒྱ་ནག་དུས་བབས་ཞེས་པའི་གནས་ཚུལ་བཏོན་པར་གཞིགས་ན་ཉིས་སྟོང་བརྒྱད་ཀྱི་ཕྱི་ཟླ་བདུན་པ་ནས་ད་བར་རྒྱ་ནག་སྐམ་ས་ཆེན་པོ་ནས་ཐེ་དབན་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་འབུམ་གསུམ་དང་ཁྲི་བདུན་ཙམ་བྱུང་ཡོད་འདུག་ཅིང་ཐེ་དབན་གྱི་སྲིད་འཛིན་མ་ཡིང་ཇོའི་གཞུང་གིས་སྐམ་ས་ཆེན་པོ་ནས་ཐེ་དབན་དུ་ཡུལ་སྐོར་སྤྲོ་འཆམ་པ་ཉིན་རེར་སྟོང་ཕྲག་གསུམ་རེ་ཡོང་ཆོག་པའི་བཀའ་ཁྲོལ་གནང་ཡོད་པ་རེད།
གཞུང་གིས་ཞིབ་འཇུག་བྱས་པའི་སྙན་ཐོ་གཞིར་བཟུང་ལྟར་ན་ཆ་སྙོམས་ཀྱི་ཐོག་ནས་སྐམ་ས་ཆེན་པོ་ནས་ཡོང་མཁན་མི་རེས་ཐེ་དབན་དུ་བདུན་ཕྲག་གཅིག་རིང་བསྡད་པའི་དུས་ཡུན་དེའི་རིང་ཉིན་ལྟར་ཨ་རིའི་ཌོ་ལར་ཉིས་བརྒྱ་དགུ་བཅུ་གོ་ལྔ་ཙམ་གྱི་འགྲོ་གྲོན་བཏང་གི་ཡོད་འདུག་ཅིང་བསྡོམས་འབོར་དེའི་ཐོག་ནས་ཚོད་དཔག་བྱེད་ཚེ་ལོ་གཅིག་གི་ནང་སྐམ་ས་ཆེན་པོའི་ཡུལ་སྐོར་སྤྲོ་འཆམ་པ་ཚོའི་ཐོག་ནས་ཐེ་དབན་ནང་ཌོ་ལར་ས་ཡ་༧༦༤ཙམ་ཡོང་འབབ་བྱུང་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
དམིགས་བསལ་འདི་ལོ་ཕྱི་ཟླ་བཞི་པའི་ནང་ཐེ་དབན་གཞུང་གིས་སྐམ་ས་ཆེན་པོ་ནས་ཡོང་མཁན་གྱི་ཡུལ་སྐོར་སྤྲོ་འཆམ་པའི་ཉིན་ལྟར་གྱི་གྲངས་ཚད་གསུམ་སྟོང་ནས་ལྔ་སྟོང་བར་གནས་སྐབས་རིང་སྤར་ཆ་བྱས་ཡོད་ཅིང་ཕྱི་ཟླ་ལྔ་པའི་ཚེས་གཅིག་སྟེ་ལས་རྩོལ་དུས་ཆེན་གྱི་གཡས་གཡོན་དུ་ཐེ་དབན་དུ་ཡོང་མཁན་ཧ་ཅང་མང་པོ་བྱུང་ཡོད་འདུག་ཀྱང་ཕྱི་ཟླ་དྲུག་པའི་ནང་ཞེ་དྲག་ཉུང་དུ་ཕྱིན་ཡོད་འདུག
སྔ་ལོ་སྐུ་ཞབས་མ་ཡིང་ཇོ་ཐེ་དབན་གྱི་སྲིད་འཛིན་དུ་འདེམས་བསྐོ་བྱུང་བ་ནས་བཟུང་ཐེ་དབན་མཚོ་འགག་ཕན་ཚུན་གྱི་འབྲེལ་ལམ་མགྱོགས་ཚད་ཧ་ཅང་མྱུང་པོའི་ཐོག་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་རེད། འོན་ཀྱང་དེ་ནི་གཙོ་བོ་ཚོང་འབྲེལ་གྱི་ཐོག་ཡིན་པ་ལས་ཆབ་སྲིད་གནས་བབས་ཐད་ཕྱོགས་གཉིས་དབར་གྱི་མི་མཐུན་པ་གནས་མུས་ཡིན་པ་རེད།