ཨོ་སོ་ཀྲོ་ལི་ཡར་རྒྱ་བོད་མཐུན་ཚོགས་གསར་འཛུགས་གནང་བ།
2009.07.22
༄༅༎ཨོ་སོ་ཀྲོ་ལི་ཡའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་རྒྱ་བོད་མཐུན་ཚོགས་ཤིག་གསར་འཛུགས་གནང་ཡོད་འདུག
འདི་ལོ་ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་སྦོན་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་སྐབས་ས་གནས་ཀྱི་བོད་མི་ཚོས་ཨོ་སོ་ཀྲོ་ལི་ཡའི་གཞུང་དམངས་གཉིས་ཀྱིས་འདས་པའི་མི་ལོ་ལྔ་བཅུའི་རིང་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་བཀྲིན་རྗེས་དྲན་ཞུས་ཡོད་པ་མ་ཟད་དེ་ཉིན་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཞིག་ཀྱང་དངོས་སུ་བཙུགས་གནང་ཡོད་ལུགས་འདི་ཚེས་ཉི་ཤུ་གཉིས་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་གནང་བའི་མཛད་སྒོར་ས་གནས་ཀྱི་བོད་མི་དང་རྒྱ་རིགས་བཅོ་ལྔ་ཙམ་དང་བོད་དོན་རྒྱབ་སྐྱོར་བ་སུམ་བརྒྱ་ཙམ་འདུ་འཛོམས་དེར་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་བསྟན་འཛིན་ཕུན་ཚོགས་ཨ་ཏི་ཤ་དང་ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ནི་མི་ཀ་ཀོ་སེ་དང་ཀོ་ལིན་ཧརཏེ་ལེན་ཌི་རྣམ་གཉིས་དང་མེལ་སྦོན་རྒྱ་རིགས་དམངས་གཙོ་ལྷན་ཚོགས་ཀྱི་ཚོགས་མི་དང་རྒྱ་སྐད་གསར་ཤོག་ཏིའི་ཨན་མན་དུས་བབས་ཞེས་པའི་རྩོམ་སྒྲིག་པ་ཕེ་རེང་རུའན་ཇི་དང་ཨོ་སོ་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མང་དག་ཅིག་མཉམ་ཞུགས་གནང་ཡོད་འདུག
ཐོག་མར་དགེ་འདུན་པ་རྣམས་ཀྱིས་༸གོང་ས་མཆོག་སྐུ་ཞབས་པད་བརྟན་པའི་གསོལ་འདེབས་གྲུབ་རྗེས་ལྦིཁ་ཊོ་རི་ཡ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསམ་གྲུབ་ཚེ་རིང་དང་དྲུང་ཆེ་སྐལ་བཟང་དབང་མོ་གཉིས་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་རྗེས་དྲན་ཞུ་བ་དང་སྦྲགས་ཨོ་སོ་ཀྲོ་ལི་ཡའི་གཞུང་དང་མི་མང་གིས་ད་བར་བོད་མི་དང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ་ཞུས་གནང་འདུག གྲོས་ཚོགས་ཀྱི་འཐུས་མི་ཇེ་ནི་མི་ཀ་ཀོ་སེ་ཡིས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་གནང་ཕྱོགས་སྐོར་གཏམ་བཤད་གནང་བ་དང་ལྦིཁ་ཊོ་རི་ཡའི་སྲིད་བློན་ཇོན་སྦུརུམ་སྦི་མཆོག་གི་གསུང་འཕྲིན་སྙན་སྒྲོན་ཞུས་གནང་འདུག སྲིད་བློན་གྱི་གསུང་འཕྲིན་ནང་བོད་མི་ཚོས་དུས་དྲན་ཁྱད་པ་ཅན་འདི་སྲུང་བརྩི་གོ་སྒྲིག་ཞུས་པ་བསྔགས་བརྗོད་དང་སླད་མར་ཡང་མི་རིགས་འདྲ་མིན་དབར་གྱི་མཐུན་འབྲེལ་གོ་མཐོར་འཕེལ་བའི་རེ་འདུན་ཞུས་གནང་འདུག ༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་བསྟན་འཛིན་ཕུན་ཚོགས་ཨ་ཏི་ཤ་ལགས་ཀྱིས་མཛད་སྒོར་མཉམ་ཞུགས་གནང་མཁན་ཕྱི་ནང་མི་རིགས་ཚང་མ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་ཚང་མས་ད་བར་བོད་མི་དང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་གནང་མཇུག་ཏུ་མེལ་སྦོན་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་དར་ཕུལ་ཏེ་མཛད་སྒོ་གྲུབ་ཡོད་འདུག།