རྒྱ་རིགས་ཚོགས་སྡེ་ ༦༠ བརྒལ་བས་བོད་དོན་རྒྱབ་སྐྱོར།

འཛམ་གླིང་ས་གནས་གང་སར་ཡོད་པའི་རྒྱ་རིགས་ཚོགས་པ་ཁག་མི་འདྲ་བ་༦༠ནས་བོད་དོན་འབོད་སྐུལ་གྱི་ཡི་གེར་རྒྱབ་སྐྱོར་གྱི་ས་རྟགས་བཀོད་པའི་གནས་ཚུལ་ཐོན་འདུག

༄༅། །དེ་ཡང་ཁ་ས་ཚེས་༥ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་སྤེལ་བའི་གནས་ཚུལ་གཞིར་བཟུང་བྱས་ན། ཉེ་ལམ་ཕྱི་ཟླ་ ༡༡ཚེས་ ༢༥ ཉིན་ཨ་རིས་གཙོས་པའི་ཕྱིའི་ཡུལ་ཁག་ཏུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བའི་ཚོགས་པ་ཁག་གཅིག་གི་ཐུན་མོང་སྣེ་འཁྲིད་འོག བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་མུ་མཐུད་ཐོན་བཞིན་པར་དམིགས་ཏེ། དྲ་ཐོག་དང་དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་། གཞུང་གི་འགོ་ཁྲིད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་ཁབ་སོ་སོའི་གསར་འགོད་པ། ཡུ་རོབ་སྤྱི་མཐུན་ཚོགས་པ། དེ་བཞིན་མཉམ་སྦྲེལ་རྒྱལ་ཚོགས་བཅས་ལ་ཕུལ་བའི་འབོད་སྐུལ་གྱི་ཡི་གེར་ས་རྟགས་འདུ་རུབ་ཀྱི་ལས་འགུལ་སྣེ་འཁྲིད་བྱས་ཡོད་པ་རེད། འབོད་སྐུལ་གྱི་ཡི་གེ་དེར་ད་བར་པེ་ཅིང་དཔྱིད་ཀ་ཚོགས་པ་དང། རྒྱ་ནག་ལས་དོན་ཚོགས་པ། རྒྱ་ནག་མང་གཙོ་ཚོགས་པ། ཕྱི་སྡོད་རྒྱ་རིགས་མང་གཙོ་མཉམ་རུབ་ཚོགས་པ། རྒྱ་ནག་ཞིང་པའི་མཐུན་ཚོགས། རྒྱ་ནག་ཆབ་སྲིད་བཙོན་པའི་མཐུན་ཚོགས་སོགས་ རྒྱ་རིགས་ཚོགས་སྡེ་ཁག་མི་འདྲ་བ་ ༦༠ བརྒལ་བས་རྒྱབ་སྐྱོར་གྱི་ས་རྟགས་བཀོད་ཡོད་པ་གསལ་འདོན་གནང་བཞག།