བོད་ནང་ཆོས་ལུགས་དང་འབྲེལ་བའི་གནས་ཚུལ་སྤྱི་ཚོགས་དྲ་རྒྱའི་ནང་སྤེལ་མི་ཆོག་པ་བཟོས་ཡོད་འདུག

རྒྱ་ནག་གཞུང་གིས་ཆོས་ལུགས་དང་དྲ་རྒྱའི་ཁྲིམས་ལུགས་གཏན་འབེབས་བྱས་ནས་དམིགས་བསལ་བོད་ནང་ཆོས་ལུགས་དང་འབྲེལ་བའི་གནས་ཚུལ་སྤྱི་ཚོགས་དྲ་རྒྱའི་ནང་བཀོད་སྤེལ་ཆོག་གི་མེད་པ་རེད་འདུག

རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་མཉེན་ཆས་ཁག་ཅིག པར་བཤུས་དང་སྒྲིག་བཟོ།

དེ་ཡང་ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དུས་དེབ་(Bitter winter)་ ཟེར་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་རྒྱ་ནག་གི་ས་གནས་གང་སར་སྤྱི་ཚོགས་དྲ་རྒྱའི་ཐོག་དམ་དྲག་སྟངས་འཛིན་གྱི་ལས་འགུལ་གསར་པ་ཞིག་སྤེལ་བཞིན་ཡོད་པའི་ཁྲོད། བོད་དེ་བཞིན་དེ་བས་དམ་དྲག་གི་དམིགས་བསལ་ས་གནས་ཤིག་ཆགས་ཡོད་པ་དང་། གཞུང་ཕྱོགས་ནས་བོད་ནང་ཕྱོགས་གང་ས་ནས་རྒྱ་ནག་གི་ས་གནས་གཞན་ལས་ལྷག་པའི་དམ་དྲག་སྟངས་འཛིན་གྱི་སྲིད་བྱུས་ཤིག་འཛིན་གྱི་ཡོད་འདུག རྒྱ་ནག་ནང་ཧ་ཅང་དགའ་པོ་བྱེད་སའི་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་དཔེར་ན། ཏའོ་དབྱིངས་དང་། མགྱོགས་འཕྲིན་ཁོའེ་ཧྲའུ་ཟེར་བ་སོགས་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་དགུ་ལྷག་ཟིན་གྱི་ཡོད་པ་དང་། དེ་ལྟར་གྱི་བེད་སྤྱོད་བྱེད་མི་ཧ་ཅང་མང་བའི་སྤྱི་ཚོགས་དྲ་རྒྱའི་ཐོག་ལྟ་ཞིབ་བྱ་རྒྱུར་ཡང་དེ་བས་དཀའ་ངལ་ཡོད་ཅིང་། ད་ལོ་ཕྱི་ཟླ་ལྔ་པའི་ནང་བོད་རང་སྐྱོང་ལྗོངས་དྲ་རྒྱ་དོ་དམ་ལས་ཁང་གིས་ཕྱིར་བསྒྲགས་བྱས་པ་ལྟར་ན། བོད་ཁྱོན་ཡོངས་སུ་དྲ་རྒྱའི་ཐོག་བརྙན་ཐུང་དང་ཐད་གཏོང་གི་ལེ་ཚན་སྤེལ་སའི་དྲ་ལམ་གྱི་ལས་དོན་ལ་དམིགས་བསལ་བཅོས་སྒྲིག་བྱས་ནས་བརྙན་ཐུང་དང་ཐད་གཏོང་རིགས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཟོ་རྒྱུར་འགོག་ཐབས་ལས་དོན་གཏན་འབེབས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། གཏན་འབེབས་ལག་བསྟར་དེའི་ནང་གཙོ་བོ་དྲ་རྒྱའི་ཐོག་ཆགས་སྲེད་དང་འབྲེལ་བའི་པར་རིགས་དང་མིའི་སེམས་ཚོར་ལ་སྐུལ་མ་གཏོང་བའི་རིགས་ཀྱི་དྲ་བརྙན་སོགས་འཇོག་མཁན་ཚོར་གཞུང་ཕྱོགས་ནས་ཉེས་ཆད་གཏོང་རྒྱུ་བཀོད་ཡོད་འདུག ཡིན་ནའི་བོད་རང་སྐྱོང་ལྗོངས་དང་དེ་མིན་གྱི་བོད་ཀྱི་ས་གནས་གཞན་ནང་དྲ་རྒྱའི་ཐོག་ཆགས་སྲེད་དང་མགོ་སྐོར་བསླུ་བྲིད་ཀྱི་གནས་ཚུལ་སྤེལ་རྒྱུར་དམ་དྲག་ཙམ་མིན་པར། རྒྱ་ཆེན་པོའི་ཐོག་ནས་སྲིད་གཞུང་གིས་འདོད་མོས་མེད་པའི་གནས་ཚུལ་མཐའ་དག་ལ་དྲག་གནོན་བྱེད་ཀྱི་ཡོད་པ་(Bitter winter)་དུས་དེབ་གསར་ལམ་ཐོག་སྤེལ་བའི་གནས་ཚུལ་ནང་བཀོད་འདུག
གཏན་འབེབས་དེའི་ནང་ད་དུང་དམིགས་བསལ་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་བྱུས་ལ་གཏོར་བཤིག་གཏོང་མཁན་དང་། གནོད་འཚེ་ཡོད་པའི་ཆོས་ལུགས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱེད་པ། ཆོས་ལོག་པ་དང་རྨོངས་དད་རིགས་ཁྱབ་སྤེལ་བྱ་རྒྱུར་དམ་དྲག་བྱ་རྒྱུའི་ནང་དོན་བཀོད་ཡོད་པ་མ་ཟད། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་གསུམ་པའི་ཚེས་༡ནས་ལག་བསྟར་བྱས་པའི་རྒྱ་ནག་གི་ཆོས་ལུགས་དང་དྲ་རྒྱའི་ཁྲིམས་ལུགས་གཏན་འབེབས་ཀྱི་ནང་ལ་ཡང་། དྲ་རྒྱའི་ཐོག་ཆོས་ལུགས་ཀྱི་རྣམ་པ་གང་འདྲ་ཞིག་ཁྱབ་སྤེལ་བྱེད་རྒྱུ་ཁྲིམས་འགལ་ཡིན་ལུགས་ཀྱི་ནང་དོན་འཁོད་ཡོད་པ་རེད།
ཉེ་སྔོན་སྤྱི་ཟླ་དང་པོའི་ནང་བོད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་བ་དང་། དེ་མིན་གནས་ཚུལ་རྒྱུས་ལོན་ཐུབ་པར་གཞིགས་ན། ཕྱི་ཟླ་༡ཚེས་༢༠ ཉིན་མཚོ་སྔོན་ཞིང་ཆེན་ནང་ཡོད་པ་ཞིང་ཆེན་སྲིད་གཞུང་གི་ངོས་འཛིན་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཤིག་གི་ཚོགས་མི་ཚོར་མཚོ་སྔོན་ཞིང་ཆེན་གྱི་དཔོན་རིགས་ཤིག་གིས་སྔོན་བརྡའི་ཚུལ་དུ་ཁ་པར་ཐོག་སྐད་ཆ་ཞིག་བཤད་འདུག་པ་དེིའི་ནང་། ཕྱི་ཟླ་༣ཚེས་༡ནས་བཟུང་རྒྱ་ནག་དབུས་གཞུང་དང་ཞིང་ཆེན། དེ་བཞིན་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཁག་གིས་དྲ་ཐོག་ཆོས་ལུགས་དང་འབྲེལ་བའི་ཚོགས་པ་བཙུགས་པ་ཁག་དང་། དེ་དག་གི་ནང་ཆོས་ཀྱི་བྱེད་སྒོ་སྤེལ་མིན་ཞིབ་གཤེར་བྱེད་ནས་དེ་དག་ཡོངས་རྫོགས་མེད་པ་བཟོ་རྒྱུ་ཡིན་པ་བརྗོད་འདུག་པར་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དེས། ཚོགས་པ་ཁག་དང་མི་སྒེར་སུ་རུང་གིས་དྲ་ཐོག་དེ་རིགས་ཀྱི་ཚོགས་པ་བཙུགས་པ་དང་། དེ་བཞིན་དྲ་ཐོག་ཆོས་ལུགས་དང་འབྲེལ་བའི་ལས་འགུལ་སྤེལ་བའི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཚེ་གཞུང་ཕྱོགས་ནས་དེར་ནག་ཉེས་ཚབས་ཆེར་ལ་ངོས་འཛིན་གྱིས་ཁྲིམས་ཆད་ཀྱང་ཕོག་སྲིད་པའི་ཉེན་བརྡ་བཏང་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org