རྒྱ་མིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་འཛིན་བཟུང་བྱས་པ།
2008.08.09
༄༅༎རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ ཙེང་ཅིན་དབྱན་ གྱིས་ཨོ་ལིམ་པིག་རྩེད་འགྲན་སྐབས་གསར་འགོད་པ་དང་འབྲེལ་བ་བྱེད་སྲིད་པར་དོགས་ཏེ་ རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོ་མོ་འཛིན་བཟུང་དོ་དམ་བྱས་ཏེ་ ད་ཆ་གར་སོང་ཤེས་རྟོགས་གང་ཡང་མེད་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་ཚོགས་པ་ཞིག་གིས་གནས་ཚུལ་སྤེལ་འདུག
ཙེང་ཅིན་དབྱན་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་ ཧུ་ཅའི་བཟའ་ཟླ་ཡིན་ཞིང་ ཧུ་ཅ་འདི་ལོ་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ ཁོང་ལོ་གསུམ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་པ་རེད་ རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཞེས་པའི་ཚོགས་པ་དེས་ གཟའ་པ་སངས་ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་ ཙེང་ཅིན་དབྱན་ གཟའ་ཕུར་བུ་ནས་བཟུང་གར་སོང་ཆ་མེད་དུ་སོང་ཡོད་པ་དང་ ཁོ་མོར་འབྲེལ་ཐུག་བྱ་རྒྱུའི་འབད་བརྩོན་སྣེ་མང་བྱས་ཀྱང་འབྲེལ་བ་བྱུང་མེད་ཅིང་ ཉེན་རྟོག་པས་ཁོ་མོ་འཛིན་བཟུང་བཀག་ཉར་བྱེད་ཚེ་ ཁོ་མོའི་ཐོག་རྩུབ་སྤྱོད་བྱེད་སྲིད་པའི་ཉེན་ཁ་ཡོད་པ་བརྗོད་འདུག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱ་མཁན་གྱི་ཚོགས་པ་དེས་ པེ་ཅིང་དུ་ཨོ་ལིམ་པིག་ཚུགས་བཞིན་ཡོད་སྟབས་ གསར་འགོད་པ་ཚོས་ཁོ་མོར་འབྲེལ་བ་བྱེད་དེ་ ཧུ་ཅའི་སྐོར་འདྲི་བརྩད་བྱེད་སྲིད་པར་དོགས་ཏེ་ གཞུང་གིས་ཁོ་མོ་འཇུ་བཟུང་བྱས་པ་ཞིག་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་ཅེས་བརྗོད་འདུག
སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་ཧུ་ཅ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ནས་བཟུང་ ཁོང་གི་བཟའ་ཟླ་ཙེང་ཅིན་དབྱན་དང་ཁོང་གཉིས་ཀྱི་བོུའི་ཐོག་བལྟ་ཞིབ་ནན་པོ་བྱེད་བཞིན་ཡོད་འདུག་པར་མ་ཟད་ ཁོང་གཉིས་ཀྱི་གྲོགས་པོ་ ཁྲིམས་རྩོད་པ་ཏེང་པའོས་ འདས་པའི་ཉིན་མ་ཁ་ཤས་རིང་ཙེང་གིས་ཁ་པར་བཏང་མ་བྱུང་ཞེས་དང་ ཟླ་བ་གཅིག་ཙམ་གོང་ཁ་པར་ཞིག་འབྱོར་སྐབས་ ཙེང་གིས་ ཁོང་ཚོས་ ཁོ་མོ་པེ་ཅིང་ནས་ཕྱི་ཕྱོགས་སུ་འགྲོ་དགོས་སྐོར་བརྗོད་ཀྱི་འདུག་ཅེས་ལབ་བྱུང་ཞེས་ཨེ་པི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག
ཧུ་ཅ་དང་ཙེང་ཅིན་དབྱན་རྣམ་གཉིས་ཕྱི་ལོ་ ༢༠༠༦ ལོར་གཉེན་བསྒྲིག་བྱས་ཤིང་ཧུ་ཅ་ནི་ རྒྱ་ནག་ནང་གི་ཨེཛ་ན་ཚ་དང་ ཁོར་ཡུག་སྲུང་སྐྱོབ་ དེ་བཞིན་བོད་སོགས་ཀྱི་གནད་དོན་ཐད་འཐབ་རྩོད་གནང་མཁན་ཞིག་ཡིན་ཞིང་ ཁོང་གི་ལས་འགུལ་ཐོག་རྒྱ་ནག་ནང་དང་ ཕྱི་རྒྱལ་ཁག་ནས་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་རེད༎