རྒྱ་གཞུང་གིས་ཀོའུ་ཧྤེ་ཞུང་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ།
2015.11.27
༄༅། །དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་ལྷོ་ཕྱོགས་ཀྱི་ཁྲིམས་ཁང་ཞིག་གིས། རྒྱ་ནག་ནང་གི་གྲགས་ཆེ་བའི་འགྲོ་བ་མའི་ཐོབ་ཐང་རྩོད་ལེན་པ་ ཀོའུ་ ཧྤེ་ཞུང་ ལོ་ངོ་དྲུག་གི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཐོག་ལ་དྲག་གནོན་གྱི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱེད་པ་ཞིག་ཡིན་པའི་སྐོར་དེ་རིང་ཁོང་གི་ཁྲིམས་རྩོད་པ་ ཀྲང་ལེ་(Zhang Lei) ཡིས་གསུངས་ཡོད་པ་རེད།
དེ་རིང་ཁྲིམས་རྩོད་པ་ཁོང་ཁྲིམས་རར་བསྐྱོད་པའི་རྗེས་ཁ་པར་བརྒྱུད་རོའུ་ཀྲར་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་གནང་བ་ཞིག་ཡིན་པ་དང་། ཁོང་གིས་ ཀོའུ(Gou) ཡིས་ནག་ཉེས་གང་ཡང་བསགས་མྱོངས་མེད་པ་དང་། བཙོན་འཇུག་གི་ཉེས་ཆད་ཐག་གཅོད་དེ་ནི་དྭང་ལེན་ཞུ་ཐབས་མེད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་དང་། ཀོའུ(Gou) ནི་དེ་སྔོན་ལའང་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་བྱས་པའི་རྐྱེན་གྱིས་ལོ་ངོ་ལྔ་ཙམ་རི་བཙོན་འཇུག་བྱེད་མྱོངས་ཡོད་པ་ཞིག་ཡིན་ལ་ཁོང་རྒྱ་ནག་གཞུང་གིས་བསྐྱར་དུ་འཛིན་བཟུང་བྱས་ནས་ལོ་ངོ་གཉིས་ལྷག་ཕྱིན་པའི་རྗེས་ཏེ་དེ་རིང་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད། དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ ཧུང་ལེ་(Hong Lei) ལ་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་ཁྲོད་ནས། ཀོའུ(Gou) བཙོན་འཇུག་ཉེས་བཅད་བཏང་བའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཡོང་བསམ་པའི་སེམས་ཁྲལ་ཡོད་ན་བཙོན་འཇུག་བྱེད་དགོས་དོན་ཇི་ཡིན་སྐད་ཆ་དྲིས་པར། རྒྱ་ནག་ནི་ཁྲིམས་ལུགས་དབང་འཛིན་རྒྱལ་ཁབ་ཅིག་དང་། ཐག་གཅོད་དེ་ནི་ཁྲིམས་ལུགས་ཀྱི་ཐོག་ནས་བྱས་པ་ཞིག་ཡིན་ལུགས་དང་ཕྱི་ཕྱོགས་ཀྱིས་རྒྱ་ནག་གི་ལུགས་ཁྲིམས་དབང་འཛིན་ལ་བརྩི་འཇོག་བྱེད་དགོས་ཀྱི་རེད་ཟེར་བཤད་ཡོད་པ་རེད། ད་དུང་ཁྲིམས་རྩོད་པ་ཁོང་གིས། དེ་རིང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ ལིའུ་ དབྱངས་ཏུང(Liu Yuangdong) ལ་ལོ་ངོ་གསུམ་དང་། སུན་ ཏེ་ཧྲང(Sun Desheng) ལ་ལོ་ངོ་གཉིས་དང་ཕྱེད་ཀའི་བཙོན་འཇུག་ཉེས་ཆད་བཏང་ཡོད་ལུགས་དང་། ཁོང་གཉིས་ལ་༢༠༡༣ ལོའི་ཕྱི་ཟླ་དང་པའི་ནང་ལྷོ་ཕྱོགས་ཀྱི་གཟའ་འཁོར་དུས་དེབ་ཟེར་བའི་ཚགས་ཤོག་ལས་ཁང་གི་ཕྱི་ཕྱོགས་སུ་གཟའ་འཁོར་གཅིག་ཙམ་རིང་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བ་དེ་ནི་མི་ཚོགས་འདུ་འཛོམས་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་དཀྲོག་རྐྱེན་སླངས་པའི་ནག་ཉེས་ཉེས་བཙུགས་བྱས་ཡོད་པ་དང་། སྐབས་དེར་ཁོང་ཚོས་སྤེལ་བའི་ཞི་བའི་ངོ་རྒོལ་ལས་འགུལ་དེ་ནི་གསར་འགྱུར་བརྒྱུད་ལམ་གྱི་རང་དབང་ལ་བརྩི་བཀུར་ཞུ་དགོས་པའི་དགོས་འདུན་བཏོན་པ་ཞིག་ཡིན་པའི་སྐོར་གསུངས་ཡོད་པ་རེད༎
གསར་འགོད་པ་གཡུ་སྒྲོན།