རྒྱ་ནག་གི་སྲིད་བློན་ལི་ཆང་ནིའུ་ཛི་ལཎྜི་རྒྱལ་ཁབ་ཏུ་ཡོང་འཆར་དང་བསྟུན། ཨོཀ་ལཎ་ཌི་བོད་རིགས་ཚོགས་པས་ཡུལ་དེའི་སྲིད་བློན་ནས་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་གནང་འདུག

2024.06.12
རྒྱ་ནག་གི་སྲིད་བློན་ལི་ཆང་ནིའུ་ཛི་ལཎྜི་རྒྱལ་ཁབ་ཏུ་ཡོང་འཆར་དང་བསྟུན། ཨོཀ་ལཎ་ཌི་བོད་རིགས་ཚོགས་པས་ཡུལ་དེའི་སྲིད་བློན་ནས་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་གནང་འདུག རྒྱ་ནག་གི་སྲིད་བློན་ལི་ཆང་གི་པར་རིས། ༢༠༢༣།༠༦།༢༨ ཉིན།
Reuters

རྒྱ་ནག་གི་སྲིད་བློན་ལི་ཆང་རིང་མིན་ནིའུ་ཛི་ལཎྜི་རྒྱལ་ཁབ་ཀྱི་ནང་ཡོང་སྟེ་ཡུལ་དེའི་སྲིད་བློན་སོགས་དང་ཐུག་འཆར་ཡོད་པར་བརྟེན། ནིའུ་ཛི་ལཎྜི་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་ཨོཀ་ལཎ་ཌི་བོད་རིགས་ཚོགས་པའི་ངོས་ནས་ཡུལ་དེའི་སྲིད་བློན་ Christopher Luxon མཆོག་ནས་རྒྱ་ནག་གི་སྲིད་བློན་ལི་ཆང་དང་ལྷན་བོད་དོན་གླེང་སློང་གནང་དགོས་པའི་རེ་སྐུལ་དོན་ཚན་དྲུག་ཅན་ཞིག་ཕུལ་ཡོད་པའི་ནང་། ༡། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པ་དང་། ༢། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པ་སོགས་བོད་ནང་བཀག་འགོག་མེད་པར་ཆེད་གཏོང་དགོས་པ། ༣། རྒྱ་ནག་གིས་བོད་ཕྲུག་ས་ཡ་གཅིག་ལྷག་ཕ་མ་དང་ཁ་བྲལ་ནས་བཅའ་སྡོད་སློབ་གྲྭར་འཇུག་བཞིན་པའི་ལས་གཞི་མཚམས་འཇོག་དགོས་པ། ༤། མ་འོངས་༸གོང་ས་མཆོག་གི་ཡང་སྲིད་གཙོས་བོད་ཀྱི་བླ་མའི་ཡང་སྲིད་ངོས་འཛིན་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་མི་ཆོག་པ། ༥། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་ཀྲོལ་དགོས་པ། ༦། རྒྱ་ནག་གི་ཁྲིམས་བཤེར་དྲང་པོ་མེད་པའི་ཐོག་བོད་མི་རྣམས་གང་བྱུང་འཛིན་བཟུང་བྱེད་བཞིན་པ་མཚམས་འཇོག་དང་། ཁྲིམས་བཤེར་ལམ་སྲོལ་ལེགས་བཅོས་དགོས་པ་བཅས་འཁོད་ཡོད་ཅིང་། ཨོཀ་ལཎ་ཌི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཟང་མོ་ལགས་ནས། ནིའུ་ཛི་ལཎྜི་རྒྱལ་ཁབ་ཀྱིས་རྒྱ་ནག་སྲིད་བློན་ལི་ཆང་དང་ལྷན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དང་བོད་དོན་བདེན་པའི་རྒྱབ་ལངས་བྱ་རྒྱུ་ནི་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཅིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གི་སྲིད་བློན་ལི་ཆང་ནིའུ་ཛི་ལཎྜི་རྒྱལ་ཁབ་ཀྱི་ནང་ནམ་ཡོང་གི་ཚེས་གྲངས་དང་། ས་གནས་གང་དུ་ཡོང་མིན་སོགས་གསང་བ་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། གཞི་རྐང་སྤྱི་ཟླ་ ༦ པའི་ཚེས་ ༡༣ ཉིན་ནིའུ་ཛི་ལཎྜི་རྒྱལ་ཁབ་ཏུ་འབྱོར་རྒྱུ་དང་། སྤྱི་ཚེས་ ༡༤ ཉིན་ཨོཀ་ལཎ་ཌི་ས་གནས་སུ་འབྱོར་རྒྱུའི་ཚོད་དཔག་གནང་བའི་ཐོག ཨོཀ་ལཎ་ཌི་བོད་རིགས་མཐུན་ཚོགས་ཀྱིས་རྒྱལ་སའི་མངའ་ཁུལ་གྱི་བོད་ཀྱི་གྲོགས་པོ་ཚོགས་པར་ལས་འགུལ་ཞིག་སྤེལ་རྒྱུར་མངགས་ཡོད་ཅིང་། ལས་འགུལ་དེ་བཞིན་སྲིད་བློན་ལི་ཆང་སྒེར་ལ་དམིགས་པ་ཞིག་མིན་པར་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་དགག་པ་ཡོད་པ་མཚོན་ཆེད་དུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག གཞན་ཡང་ཁོང་གིས་ནིའུ་ཛི་ལཎྜི་གཞུང་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཀྱང་བོད་དོན་ཐོག་གླེང་སློང་རིམ་པར་གནང་ཡོད་པ་བཞིན། ང་ཚོས་རེ་བ་བཟང་ས་ནས་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཨོཀ་ལཎ་ཌི་བོད་རིགས་ཚོགས་པས་ནིའུ་ཛི་ལཎྜིའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གྱི་མཚན་ཐོག་ཏུ་ཕུལ་བའི་སྙན་ཞུའི་ནང་། ནིའུ་ཛི་ལཎྜིའི་གཙུག་ལག་སློབ་ཆེན་ཁག་ནང་ཡོད་པའི་རྒྱ་ནག་ཁུང་ཙི་སློབ་གླིང་རྣམས་ངེས་པར་དུ་སྒོ་རྒྱག་དགོས་པ་དང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ལ་ཁ་གཏད་བྱ་དགོས་པ། དེ་བཞིན་གལ་ཏེ་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ཉེས་པ་མ་བཏང་ཚེ་ནིའུ་ཛི་ལཎྜི་གཞུང་ཡང་རྒྱ་ནག་གི་ངན་རོགས་རང་བཞིན་གྱིས་ཆགས་ཀྱི་ཡོད་པ་སོགས་འཁོད་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གི་སྲིད་བློན་ལི་ཆང་རིམ་པས་ཨོ་སི་ཀྲོ་ལི་ཡ་དང་མ་ལེ་ཤི་ཡའི་ནང་འགྲོ་རྒྱུ་གཏན་འཁེལ་འདུག་ཅིང་། ས་གནས་དེ་གཉིས་ནང་འགྲོ་རྒྱུ་དེ་བཞིན་འདས་པའི་ལོ་བདུན་གྱི་ནང་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།  
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།   
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎