རྒྱ་ནག་སྲིད་བློན་ནས་བདེ་སྡུག་ཞུ་མཁན་ལ་ཐུག་འཕྲད།

རྒྱ་ནག་གི་སྲིད་བློན་ནས་མི་མང་གི་བདེ་སྡུག་ཞུ་སའི་ལས་ཁང་དུ་ཕེབས་ནས་བདེ་སྡུག་ཞུ་མཁན་གྱི་མི་མང་ཁག་ཅིག་དང་ཐུག་ཕྲད་གནང་བ།

༄༅༎དེང་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་རྒྱ་ནག་མི་མང་ཚོའི་བདེ་སྡུག་ཞུ་སའི་ལས་ཁང་དུ་རྒྱ་ནག་གི་ས་ཁུལ་གང་ས་ནས་བདེ་སྡུག་ཞུ་བར་ཡོང་མཁན་རྒྱ་ནག་མི་མང་ཧ་ཅང་འཕོན་ཆེ་ཡོད་ཅིང་ གཟའ་ཟླ་བའི་ཉིན་རྒྱུན་ལྡན་དང་མི་དྲ་བར་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་མི་མང་གི་བདེ་སྡུག་ཞུ་སའི་ལས་ཁང་དུ་ཕེབས་ནས་བདེ་སྡུག་ཞུ་མཁན་གྱི་མི་མང་ཁག་ཅིག་དང་ཐུག་ཕྲད་གནང་ཏེ་མང་ཚོགས་ཚོར་དཀའ་ངལ་ག་རེ་ཡོད་ཀྱང་སྲིད་གཞུང་ལ་ཞུ་དགོས་པ་དང་ ངཚོའི་གཞུང་དེ་བཞིན་མི་མང་གི་གཞུང་ཞིག་ཡིན་ལུགས་སོགས་གསུང་བཤད་གནང་ཡོད་ཅིང་ ཡིན་ནའི་བདེ་སྡུག་ཞུ་མཁན་ཚོས་རྒྱ་ནག་གི་སྲིད་བློན་གྱི་བཀའ་མོལ་ཧ་ཅང་སྙན་པོ་གསུང་གི་འདུག་ཀྱང་ དོན་དངོས་ཐོག་ང་ཚོར་ཕན་ཐོགས་གང་ཡང་མེད་པ་དང་ ཁོང་གིས་ང་ཚོར་བདེ་སྡུག་ཞུ་ཡས་ཀྱི་ཐོབ་ཐང་ཡོད་ལུགས་གསུང་བྱུང་ཡང་ ཐོབ་ཐང་དེ་རིགས་ང་ཚོར་དངོས་གནས་ཡོད་མེད་གསལ་པོ་མཐོང་ཐུབ་རྒྱུ་མེད་པ་རེད་ཅེས་བརྗོད་ཡོད་འདུག བདེ་སྡུག་ཞུ་མཁན་གྲས་རྒྱ་ནག་ལེའོ་ཉིང་ཨན་ཧྲན་ས་གནས་ཡིན་པ་བེུད་ཅིག་གིས་གསུང་ན་ སྲིད་བློན་དབུན་ཅའ་བའོ་ཡིས་ང་ཚོའི་དཀའ་ངལ་སེལ་ཐུབ་རྒྱུ་ཡིན་པ་གསུང་གི་འདུག ཡིན་ནའི་དེ་ནི་ནམ་ཡང་འགྲུབ་ཐབས་མེད་པ་ཞིག་རེད་ རྒྱ་ནག་གི་སྲིད་བློན་ནས་བདེ་སྡུག་ཞུ་མཁན་མང་ཚོགས་དང་ཐུག་ཕྲད་གནང་ནས་ མང་ཚོགས་ཀྱི་དཀའ་ངལ་དངོས་གནས་སེལ་ཐབས་བྱེད་ཀྱི་ཡོད་ལུགས་ཀྱི་བཀའ་མོལ་གནང་ཡས་སོགས་ཚང་མ་ཕྱི་ལ་བཏོན་ཡས་ཙམ་ལས་ དོན་དངོས་ཚང་མ་རྫུན་གཏམ་རེད་ཅེས་གསུང་བཞག རྒྱ་ནག་གི་དཔོན་རིགས་ནས་རྒྱ་ནག་ནང་ཡོད་པའི་ཞིང་པ་དང་ངལ་རྩོལ་བ་དབུལ་པོའི་དཀལ་ངལ་སེལ་རྒྱུར་ཁས་ལེན་བྱས་ཡོད་ན་ཡང་ གནད་དོན་དེར་དོན་དངོས་ཐོག་ཐག་གཅོད་གང་ཡང་བྱུང་མེད་པའི་ཁར་རྒྱ་ནག་ཐོག་བཏོན་པའི་ཚགས་ཤོག་དང་དྲ་རྒྱ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན་ རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་པེ་ཅིན་དུ་ཡོད་པའི་རྒྱ་ནག་མི་མང་གི་བདེ་སྡུག་ཞུ་སའི་ལས་ཁང་དུ་གཟིགས་ཞིབ་གནང་བར་མ་ཕེབས་སྔོན་པེ་ཅིན་ནང་ཡོད་པའི་རྒྱ་ནག་གི་ས་ཁུལ་ཁག་ནས་བདེ་སྡུག་ཞུ་བར་ཡོང་མཁན་གྱི་མི་མང་པོ་རང་ཁྱིམ་ནས་ཕྱིར་འདོན་རྒྱུར་བཀག་སྡོམ་བྱས་ཡོད་པའི་སྐོར་འཁོད་ཡོད་འདུག