རྒྱ་ནག་སྲིད་འཛིན་གྱི་གནམ་གྲུའི་ནང་བ་སོ་ཁྲིམས་འགལ་དབོར་འདྲེན།
2014.11.07
རྒྱ་ནག་གི་དཔོན་རིགས་ཚོས་གཞུང་འབྲེལ་གྱི་ཐོབ་ཐང་བརྒྱུད་ལྷོ་ཧྥེ་རི་ཀ་ནས་ཁྲིམས་འགལ་ཐོག་བ་སོ་ཉོ་སྒྲུབ་བྱེད་ཀྱི་ཡོད་འདུག
དེ་ཡང་རྒྱ་ནག་གི་ཕྱི་འབྲེལ་དཔོན་རིགས་དང་། དམག་དོན་དཔོན་རིགས་ཚོས་ཨ་ཧྥེ་རི་ཀའི་ཡུལ་གྲུའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་བྱེད་པའི་སྐབས། ཡུལ་གྲུ་དེ་དག་ནས་གླང་ཆེན་གྱི་མཆེ་བ་བ་སོ་མང་པོ་ཁྲིམས་འགལ་ཐོག་ནས་ཉོ་སྒྲུབ་བྱས་ཏེ་གཞུང་འབྲེལ་གྱི་ཐོབ་ཐང་བེད་སྤྱད་ནས་རྒྱ་ནག་དུ་དབོར་འདྲེན་བྱེད་ཀྱི་ཡོད་པ་གཟའ་ཕུར་བུའི་ཉིན་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་གིས་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག ཚོད་རྩིས་བྱས་པ་ལྟར་ན། ཨ་ཧྥེ་རི་ཀའི་ཡུལ་གྲུའི་ནང་ལོ་ལྟར་གླང་ཆེན་ཁྲི་སྟོང་མང་པོ་གསོད་བཅོད་བྱས་ནས་ཨེ་ཤེ་ཡའི་མངའ་ཁུལ་དང་། དམིགས་བསལ་རྒྱ་ནག་གི་ཁྲོམ་རའི་ནང་གི་བ་སོའི་དགོས་མཁོ་བསྐོངས་ཀྱི་ཡོད། དཔེར་ན་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཕྱི་ཟླ་གསུམ་པའི་ནང་། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་ཨ་ཧྥེ་རི་ཀའི་ཡུལ་གྲུ་Tanzzniaནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་སྐབས། གཞུང་འབྲེལ་དང་ཚོང་དོན་དཔོན་རིགས་མང་པོ་མཉམ་དུ་ཁྲིད་པ་ཚོས་ཡུལ་དེའི་བ་སོའི་ཁྲོམ་ར་ནས་བ་སོ་ཉོ་བསྒྲུབ་ཀྱིས་ཁྲོམ་རའི་རྒྱུན་ལྡན་གྱི་རིན་གོང་ནས་ལྡབ་གཅིག་ལྷག་གི་རིན་གོང་འཕར་ཡོད་པ་དང་། ས་གནས་དེའི་ནང་བ་སོའི་ཚོང་རྒྱག་མཁན་ཞིག་གིས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་གནས་ཚུལ་རྟོག་ཞིབ་བྱེད་མཁན་ལ་བརྗོད་པར་གཞིགས་ན། རྒྱ་ནག་གི་བ་སོ་ཉོ་བསྒྲུབ་བྱེད་མཁན་ཚོ་ཡོང་སྐབས། མི་གཅིག་གཉིས་མིན་པར་ཚོགས་མི་ཡོངས་རྫོགས་མཉམ་དུ་བ་སོ་ཉོ་བར་ཡོང་གི་ཡོད་པ་དང་། དེའི་སྐབས་ཡུལ་དེའི་བ་སོའི་ཚོང་ཡང་ཧ་ཅང་འཁྲུག་པོ་ཡོད་པ་འགྲེལ་བརྗོད་བྱས་འདུག གླང་ཆེན་གྱི་མཆེ་བ་ཚོང་བསྒྱུར་བྱ་རྒྱུ་དེ་ཨ་ཧྥེ་རི་ཀའི་ཡུལ་གྲུ་མང་པོའི་ནང་ཁྲིམས་འགལ་ཡིན་སྟབས། བ་སོ་ཉོ་གྲུབ་བྱེད་མཁན་གྱི་རྒྱ་མི་ཚོས་གཞུང་འབྲེལ་གྱི་གོ་སྐབས་དང་བསྟུན་ནས་ འགག་སྒོ་ནས་རྟགས་དཔྱད་བྱ་མི་དགོས་པར་སྲིད་འཛིན་གྱི་གནམ་གྲུ་དང་། དམག་དོན་དཔོན་རིགས་བསྐྱོད་སའི་གྲུ་གཟིངས་སོགས་བེད་སྤྱད་ནས་བ་སོ་ཕོན་ཆེ་ཁྲིམས་འགལ་ཐོག་རྒྱ་ནག་ནང་དབོར་འདྲེན་བྱེད་བཞིན་ཡོད་པ་ཁོར་ཡུག་རྟག་དཔྱད་ཚོགས་པ་ELAཞེས་པས་ཕྱིར་བསྒྲགས་བྱས་འདུག
གསར་འགོད་པ་འཆི་མེད།