ནང་སོག་ཏུ་སློབ་ཕྲུག་གིས་ངོ་རྒོལ་སྐད་འབོད།
2011.05.25
༄༅༎ནང་སོག་གི་འབྲོག་པའི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་རྡོ་སོལ་དབོར་འདྲེན་བྱེད་མཁན་གྱི་མོ་ཊས་བརྫིས་ནས་རྐྱེན་འདས་སུ་ཕྱིན་པའི་རྗེས་ས་གནས་མི་མང་གིས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་འདུག
དེ་རིང་གཟའ་ལྷག་པའི་ཉིན་ནང་སོག་གི་གྲོང་ཁྱེར་ཤི་ལིན་ཧོཏ་ནང་སློབ་ཕྲུག་ཉིས་སྟོང་ལྷག་ཙམ་གྱིས་གཙོ་བོ་བྱས་པའི་མི་གྲངས་སྟོང་ཕྲག་ཁ་ཤས་ཀྱིས་གྲོང་ཁྱེར་གྱི་གཞུང་ལས་ཁང་མདུན་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་སྐོར་ ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་ནང་རྟེན་གཞི་བྱས་པའི་ནང་སོག་གི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས་འགྲེལ་བརྗོད་གནང་འདུག ངོ་རྒོལ་བ་ཚོས་རྒྱ་ནག་གཞུང་གིས་ནང་སོག་འབྲོག་པའི་ཐོབ ཐང་ལ་་སྲུང་བརྩི་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་ ནང་སོག་གི་ཤི་ལིན་ཧོཏ་གྲོང་ཁྱེར་ནང་ས་གནས་སོག་པོ་ཚོས་ངོ་རྒོལ་བྱེད་དགོས་དོན་ནི་ འབྲོག་པའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཞིག་གིས་ས་གནས་ཀྱི་འབྲོག་པ་མི་གྲངས་སུམ་ཅུ་ལྷག་ཙམ་སྒྲིག་འཛུགས་བྱས་ནས་འབྲོག་པའི་རྩ་ཐང་ཐོག་རྒྱ་མི་ཚོང་པས་གཏེར་ཁ་བསྔོག་འདོན་བྱས་ནས་འབྲོག་པའི་འཚོ་གནས་ལ་ཉེན་ཚབས་བཟོ་བཞིན་པར་ངོ་རྒོལ་བྱས་པར་བརྟེན་ནས་ ཕྱི་ཟླ་ལྔ་པའི་ཚེས་༡༠ཉིན་རྡོ་སོལ་དབོར་འདྲེན་བྱེད་མཁན་གྱི་མོ་ཊ་ཆེན་པོ་ཞིག་གིས་འབྲོག་པའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་འབྲོག་པ་ཁོང་བརྫིས་ནས་རྐྱེན་འདས་སུ་བཏང་ཡོད་པ་དང་ འབྲོག་པ་དེའི་ནང་མི་སྤུན་མཆེད་ཚོས་ས་གནས་གཞུང་གི་ལས་ཁང་མདུན་བསྐྱོད་ནས་ཁོང་རྐྱེན་འདས་སུ་གཏོང་ཡས་དེ་དམིགས་བཙུགས་ནས་ལྐོག་བསད་བྱས་པ་ཞིག་ཡིན་པའི་དོགས་གཞི་ཡོད་པས་ དེ་ཞིབ་ཕྲ་རྩད་གཅོད་དགོས་པའི་འབོད་སྐུལ་བྱས་པའི་འོག ད་རེས་སློབ་ཕྲུག་གཙོ་བོར་གྱུར་བའི་ནང་སོག་མི་རིགས་ཚོས་འབྲོག་པའི་ཐོབ་ཐང་རྩོད་མཁན་ཁོང་ལ་རྒྱབ་སྐྱོར་དང་ ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་གྲོང་ཁྱེར་གཞུང་ལས་ཁང་གི་མདུན་འདུ་འཛོམས་བྱས་ནས་ རྒྱ་ནག་གཞུང་གིས་འབྲོག་པའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པའི་སྐད་འབོད་བྱས་ཡོད་འདུག ངོ་རྒོལ་སྐད་འབོད་བྱས་པའི་ནང་ གཟའ་མིག་དམར་ཉིན་མི་གྲངས་བཞི་འཛིན་བཟུང་བྱས་ཡོད་པ་དང་ ཉིན་དེའི་གོང་ལ་ཡང་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པའི་སྐོར་ཕ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག་ལ་ཤི་ལིན་ཧོཏ་གཞུང་ལ་གནས་ཚུལ་དེའི་སྐོར་ཁ་པར་བརྒྱུད་ནས་སྐད་ཆ་དྲིས་ཀྱང་ལན་འདེབས་བྱེད་མཁན་བྱུང་མེད་ཅིང་ ཡིན་ནའི་གཞུང་འབྲེལ་གྱི་དྲ་རྒྱའི་ཐོག་འབྲོག་པ་རྐྱེན་འདས་སུ་ཕྱིན་པའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་རྒྱ་མི་གཉིས་འཛིན་བཟུང་བྱས་ལུགས་གཟའ་ལྷག་པའི་ཉིན་གནས་ཚུལ་བཀོད་ཡོད་འདུག