རྒྱ་རིགས་སློབ་མ་ཚོས་ཨ་རིའི་སློབ་ཆེན་ཁག་ནང་སིམ་འཛུལ་ཐད་ཨ་རིའི་གྲོས་ཚོགས་ཀྱིས་ཞིབ་འཇུག
2020.05.05
རྒྱ་ནག་གཞུང་གི་བཀོད་ཇུས་འོག་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་སློབ་མ་ཚོས་ཨ་རིའི་མཐོ་རིམ་གཙུག་ལག་སློབ་གྲྭ་ཁག་ནང་སིམ་འཛུལ་ཇི་ལྟར་བྱེད་བཞིན་པའི་སྐོར་ལ་ཨ་རིའི་གྲོས་ཚོགས་ཀྱིས་ཞིབ་འཇུག་བྱེད་འགོ་ཚུགས་འདུག
དེ་ཡང་ཕྱི་ཚེས་༤་རེས་གཟའ་ཟླ་བའི་ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་གི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་སྐུ་ཞབས་(Michael McCaul)་ལགས་དང་། ཕྱག་འབྲེལ་གྲོས་ཚོགས་ཀྱི་འཐུས་མི་དྲུག་གིས་ཨ་རིའི་ཤེས་ཡོན་སློབ་གསོའི་ལས་ཁུངས་ལ་རྒྱ་ནག་དམར་ཤོག་ཚོགས་པའི་བྱུས་བཀོད་འོག རྒྱ་རིགས་སློབ་ཕྲུག་ཚོ་ཨ་རིའི་མཐོ་རིམ་སློབ་གྲྭའི་ནང་སློབ་ཞུགས་བྱ་སྟངས་བྱ་ལུགས་དང་། རྒྱ་ནག་གི་འདོད་ཕྱོགས་ལྟར་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཁྱབ་སྤེལ་ཇི་ལྟར་བྱེད་མིན་སྐོར་ཡིག་ཐོག་གནས་ཚུལ་གང་ཡོད་གྲོས་ཚོགས་ལ་རྩིས་སྤྲོད་དགོས་པའི་སྐོར་འདྲི་རྩད་ཀྱི་ཕྱག་བྲིས་ཞིག་གནང་འདུག
གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀྱི་ཉེན་ཚབས་དང་ནད་ཡམས་འགོས་ཁྱབ་སྐོར་གནས་ཚུལ་རྫུན་བཤད་བྱས་པ་སོགས་ལ་བརྟེན་ནས། ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཀྱི་ལས་དོན་ལ་ཞིབ་འཇུག་སྣ་མང་ཞིག་བྱས་ཡོད་ཅིང་། ད་རེས་ཀྱི་ཞིབ་འཇུག་འདི་བཞིན་ཨ་རིའི་གྲོས་ཚོགས་ཀྱིས་ཨ་རིའི་ནང་གི་གཞུང་དང་སྒེར་གྱི་མཐོ་རིམ་སློབ་གྲྭ་ཁག་དང་རྒྱ་ནག་བར་འབྲེལ་ལམ་ཉར་ཚགས་བྱེད་ཕྱོགས་དང་། ལྷག་པར་དུ་ཨ་རིའི་མཐོ་རིམ་སློབ་གྲྭ་ཁག་ནང་རྒྱ་ནག་གཞུང་གི་བཀོད་ཇུས་འོག་གསང་ཉུལ་གྱི་ལས་དོན་ཡོད་མིན་ཐད་གཞི་རྒྱ་ཆེ་བའི་ཞིབ་འཇུག་གི་ཆ་ཤས་ཞིག་ཡིན་པ་རེད། གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཨ་རིའི་ཤེས་ཡོན་སློབ་གསོའི་ལས་ཁུངས་ལ་འདྲི་རྩད་ཀྱི་ཕྱག་བྲིས་གནང་དགོས་དོན་ནི། ཨ་རིའི་མཐོ་རིམ་གཙུག་ལག་སློབ་གྲྭ་མང་པོའི་ནང་། ཕྱི་ཕྱོགས་ནས་གཞུང་འབྲེལ་དེབ་སྐྱེལ་མེད་པའི་མ་དངུལ་ཕོན་ཆེ་མ་འཛུགས་བྱེད་བཞིན་པའི་གནད་དོན་ཐད། ཤེས་ཡོན་སློབ་གསོའི་ལས་ཁུངས་ནས་སྲིད་ཇུས་ཇི་འདྲ་ཞིག་འཛིན་བཞིན་ཡོད་མེད་སྐོར་གོ་ཤེས་ཐུབ་ཐབས་ཆེད་དུ་ཡིན་ཞེས། གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Michael McCaul)་ལགས་ཀྱིས་གསལ་འདོན་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་མ་རྩ་འཛུགས་པའི་ཐབས་ཇུས་ཀྱི་ཐོག་ནས་ཨ་རིའི་གཙུག་ལག་སློབ་གྲྭ་ཁག་ནང་ཨ་རིའི་སློབ་མ་ཚོའི་ཁྲོད་རྒྱ་ནག་གི་ལྟ་གྲུབ་ལ་བློ་བསྐྱེད་སྦྱོང་བརྡར་སྤྲོད་ཡུལ་ཞིག་ཏུ་བསྒྱུར་བཞིན་ཡོད་པའི་བློ་འཚབ་ཡོད་པ་གསུངས་གནང་འདུག