ངལ་རྩོལ་བསྒུར་བཀོད་གཏང་རྒྱུའི་ཐག་གཅོད་ཕྱིར་འཐེན་བྱས་པ།
2008.08.30
༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཨོ་ལིམ་པིཀས྄་ཚུགས་སྐབས་ངོ་རྒོལ་བྱེད་ཆོག་པའི་བཀའ་ཁྲོལ་ཞུ་མཁན་གྱི་ཨ་མ་རྒན་མོ་གཉིས་ངལ་རྩོལ་བསྒྱུར་བཀོད་དུ་གཏང་རྒྱུའི་ཐག་གཅོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་གཟའ་སྤེན་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ལ་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན་ད་ཆ་རྒྱ་རིགས་ཨ་མ་རྒན་མོ་དེ་གཉིས་ངལ་རྩོལ་བསྒྱུར་བཀོད་དུ་གཏང་རྒྱུའི་ཐག་གཅོད་ཕྱིར་འཐེན་བྱས་ཡོད་པ་དང་ཕྱིར་འཐེན་བྱས་དགོས་པའི་རྒྱུ་མཚན་གང་ཡང་གསལ་བཤད་བྱས་མེད་པ་རེད།
ཕྱི་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་རྒྱ་ནག་གཞུང་གིས་རང་ལོ་བདུན་བཅུ་དོན་དགུ་ཡིན་པ་བའུ་ཏེན་ཡོན་དང་རང་ལོ་བདུན་བཅུ་དོན་བདུན་ཡིན་པ་བང་ཞིའུ་ཡིང་གཉིས་ལ་སྤྱི་ཚོགས་བདེ་འཇགས་ལ་གནོད་སྐྱོན་བཏང་མཁན་གྱི་ནག་ཉེས་བཙུགས་ཏེ་རྒན་མོ་དེ་གཉིས་ལོ་གཅིག་རིང་ངལ་རྩོལ་བསྒྱུར་བཀོད་དུ་གཏང་རྒྱུའི་ཁྲིམས་ཐག་བཅད་པ་དེར་རྒྱ་ནག་ཕྱི་ནང་གཉིས་ནས་སྐྱོན་བརྗོད་ཤུགས་ཆེ་བྱུང་ཡོད་པ་རེད།
ཨ་མ་རྒན་མོ་དེ་གཉིས་ཀྱི་ཁང་པ་རྒྱ་ནག་གཞུང་གིས་བཙན་དབང་གི་ཐོག་ནས་པེ་ཅིང་ཨོ་ལིམ་པིཀས྄་ཚུགས་སའི་ས་ཆའི་ཆེད་དུ་འཕྲོག་ཡོད་པར་བརྟེན་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུའི་བཀའ་ཁྲོལ་ཞུ་ཡོད་ན་ཡང་རྒྱ་ནག་གཞུང་གིས་བཀའ་ཁྲོལ་གནང་མེད་པ་རེད༎