ཁམས་དཀར་མཛེས་ཁུལ་དུ་བོད་མི་བཞི་ལ་ཁྲིམས་ཐག་བཅད་པ།
2008.12.22
![]() |
གསར་འགྱུར་ལ་གསན་རོགས་གནང་། |
༄༅༎འདི་གའི་རུང་རླུང་འཕྲིན་ཁང་གི་ཨོ་སེ་ཌི་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་རིམ་པ་བཞིན་དུ་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་ཉེ་སྔོན་བོད་མི་དྲུག་ཙམ་དཀར་མཛེས་མི་མང་འབྲིང་རིམ་ཁྲིམས་ཁང་གིས་ལོ་ངོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་ཅིང་དེ་ཡང་དཀར་མཛེས་རྫོང་གི་ས་ཁུལ་ནས་ཡིན་པའི་བོད་རིགས་པདྨ་བདེ་བཤད་དང་བཀྲིས་དཔལ་ལྡན་སྒོ་འགའ་དང་བཟང་པོ་བཅས་མི་གྲངས་བཞི་པོ་ཉེ་སྔོན་དཀར་མཛེས་མི་མང་འབྲིང་རིམ་ཁྲིམས་ཁང་གིས་ལོ་ངོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་ཡང་ས་གནས་རང་ནས་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་དོན་ལ་ད་ལྟ་གོང་དུ་མིང་འདོན་གནང་བའི་བོད་མི་བཞི་པོ་རྣམས་ནི་འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་ཁམས་དཀར་མཛེས་རྫོང་གི་ལས་ཁང་མདུན་དུ་རྒྱ་ནག་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གནང་བའི་སྐབས་འཛིན་བཟུང་བྱས་ཡོད་པ་དང་ཟླ་བ་གཅིག་ཙམ་དཀར་མཛེས་རྫོང་གི་བཙོན་ཁང་ནང་དུ་བཀག་ཉར་བྱས་པའི་སྐབས་ཉེས་རྡུང་ཚབས་ཆེན་བཏང་ཡོད་པ་དང་དེ་ནས་དཀར་མཛེས་ས་ཁུལ་གྱི་ཉ་རོང་རྫོང་གི་བཙོན་ཁང་དུ་ཁྲིད་ནས་ཟླ་བ་དྲྲུག་ཙམ་བཀག་ཉར་བྱས་ཡོད་པ་དང་ཉེ་སྔོན་ཁོང་རྣམས་ལོ་ངོ་གསུམ་གྱི་ཁྲིམས་ཐག་བཅད་པའི་རྗེས་སུ་དཀར་མཛེས་རྫོང་གི་བཙོན་ཁང་ནང་དུ་བསྐྱར་དུ་བཀག་ཉར་བྱས་ཡོད་པ་དང་དེ་ནས་དཀར་མཛེས་ཁུལ་གྱི་གྲོང་ཁྱེར་གཙོ་བོ་དར་རྩེ་མདོར་ཁྲིད་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།
དེ་སྔོན་ལ་དཀར་མཛེས་ཁུལ་དུ་ཡོད་པའི་རྩེ་སུར་དགོན་པའི་དགེ་འདུན་པ་དབུ་རྒྱན་བཀྲིས་དང་བསྟན་འཛིན་དངོས་གྲུབ་བཅས་ལ་ཡང་ལོ་ངོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་ས་གནས་ནས་གནས་ཚུལ་མུ་མཐུད་ནས་འབྱོར་དོན་ལྟར་ན་བོད་རིགས་བཙོན་པ་ཁག་རྒྱ་ནག་ནང་དུ་ཡོད་པའི་བཙོན་ཁང་ཆེ་བའི་ནང་དུ་འཁྲིད་རྒྱུ་ཡིན་པའི་དོགས་པ་ཆེན་པོ་ཡོད་པ་དང་འདི་ག་རུང་འཕྲིན་ཁང་ནས་དར་རྩེ་མདོར་ཡོད་པའི་དཀར་མཛེས་ས་ཁུལ་གྱི་ཁྲིམས་ཁང་དུ་བོད་རིགས་ཁྲིམས་གཅོད་བྱས་པའི་སྐོར་འདྲི་དུས་ཁྲིམས་ཁང་གི་ལས་བྱེད་པ་ཞིག་གིས་བོད་མི་མང་པོ་ཁྲིམས་གཅོད་བཏང་ཟིན་པ་དང་ད་དུང་མུ་མཐུད་ནས་གཏང་རྒྱུ་ཡོད་པའི་ཉེན་བརྡ་བཏང་བ་བཅས་ཀྱི་གནས་ཚུལ་བྱུང་འདུག།