རྒྱ་ནག་གཞུང་གིས་བོད་ནང་སློབ་གྲྭའི་གུང་གསེང་དང་བསྟུན་སློབ་ཕྲུག་ཚོར་ཁྱིམ་དུ་གསབ་སྦྱོང་རིགས་སྤྲོད་ཀྱི་ཡོད་མེད་ཐད་ལྟ་རྟོགས་བྱེད་བཞིན་ཡོད་པ།

2024.01.08
རྒྱ་ནག་གཞུང་གིས་བོད་ནང་སློབ་གྲྭའི་གུང་གསེང་དང་བསྟུན་སློབ་ཕྲུག་ཚོར་ཁྱིམ་དུ་གསབ་སྦྱོང་རིགས་སྤྲོད་ཀྱི་ཡོད་མེད་ཐད་ལྟ་རྟོགས་བྱེད་བཞིན་ཡོད་པ། སློབ་ཕྲག་ཚོར་སློབ་ཚན་ཁྲིད་བཞིན་པའི་པར་རིས།
AFP

ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༡ ནང་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་དགུན་ཁའི་གུང་གསེང་ལ་གཏོང་གི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་སློབ་མའི་གུང་གསེང་རིང་གསབ་སྦྱོང་གང་བྱུང་གཉེར་མི་ཆོག་པའི་ཁྲིམས་བཟོས་ཡོད་པ་བཞིན། འདི་ལོ་ཡང་བོད་ཀྱི་ས་གནས་ཁག་ཏུ་རྒྱ་ནག་གི་ཁྲིམས་དེ་ལག་བསྟར་གྱིས་བོད་ཀྱི་རྒྱལ་ས་ལྷ་ས་དང་། བླ་བྲང་། ཡུལ་ཤུལ་སོགས་སུ་ད་ལོའི་དགུན་ཁའི་གུང་གསེང་རིང་རྒྱ་ནག་གཞུང་གི་ཆོག་མཆན་མེད་པར་སློབ་ཕྲུག་ཚོར་ཚོགས་སྒེར་སུ་གཅིག་གིས་གསབ་སྦྱོང་རིགས་སྤྲད་ཆོག་གི་མེད་མ་ཟད། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་གིས་སློབ་མར་གསབ་སྦྱོང་སྤྲོད་རྒྱུར་དམ་དྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་ཁག་ཅིག་ནས་འདི་ག་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་བོད་ཀྱི་རྒྱལ་ས་ལྷ་ས་རུ་དགུན་ཁའི་གུང་གསེང་དང་བསྟུན། རྒྱ་ནག་གཞུང་ངོས་ནས་གསབ་སྦྱོང་སྤྲོད་ས་བཀོད་སྒྲིག་གཏན་འབེབ་ལས། སློབ་ཕྲུག་གི་ཕ་མ་དང་ནང་མའི་འདོད་མོས་ལྟར་གསབ་སྦྱོང་གང་ཡང་གཉེར་མི་ཆོག་པ་མ་ཟད། གཞུང་གི་ཆོག་མཆན་སྤྲད་ཡོད་པའི་གསབ་སྦྱོང་སྤྲོད་ས་ཁག་ལས་དགོན་སྡེ་གྲྭ་ཚང་ཁག་གཙོས་རྒྱ་ནག་གཞུང་གི་ཆབ་སྲིད་དང་འགལ་བའི་མི་སྣ་ཚོ་གསབ་སྦྱོང་ནང་ཞུགས་པར་དོ་དམ་ནན་མོ་བྱེད་ཀྱི་ཡོད་པ་བརྗོད་བྱུང་ལ། ཡང་འབྲེལ་ཡོད་གཞན་ཞིག་ནས་ཡུལ་ཤུལ་སོགས་སུ་སློབ་ཕྲུག་གི་གུང་གསེང་སྐབས། རྒྱ་ནག་གཞུང་འབྲེལ་མི་སྣ་མཚམས་མཚམས་ཁྱིམ་ཚང་རེ་རེ་བྱས་ཡོང་སྟེ། སློབ་ཕྲུག་ལ་ཁྱིམ་དུ་གསབ་སྦྱོང་དང་ལས་ཀ་སོགས་ག་རེ་གཉེར་བཅུག་གི་ཡོད་མིན་ཐད་ལྟ་རྟོགས་བྱེད་མཁན་བྱུང་གི་ཡོད་སྐོར་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༡ འགོ་ཚུགས་པ་དང་རྒྱ་ནག་སློབ་གསོ་ལྷན་ཁང་ཟེར་བས་བརྡ་ཁྱབ་ཅིག་བཏང་སྟེ། ཕྱི་ལོ་ ༢༠༢༤ ལོའི་དགུང་ཁའི་གུང་གསེང་རིང་ས་གནས་ཁག་གིས་ཁྲིམས་འཛིན་པས་ཤུགས་སྣོན་གྱིས་སློབ་ཕྱིའི་གསབ་སྦྱོང་ལ་ལྟ་བཤེར་དང་། སྒྲིག་འགལ་གསབ་སྦྱོང་ལ་ཞིབ་བཤེར་ནན་མོ་དང་ཐེར་འདོན་ཐག་གཅོད་དགོས་པ་བརྗོད་འདུག་ལ། ཡང་གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་དེ་སྔ་ཡིན་ན་བླ་བྲང་ཕྱོགས་སུ་དགུན་ཁའི་གུང་གསེང་དང་འབྲེལ། ཚོགས་སྒེར་ཚང་མས་སློབ་ཕྲུག་ཚོར་གསབ་སྦྱོང་སྤྲོད་རྒྱུའི་ལུགས་སྲོལ་ཤུགས་ཆེར་དར་ཡོད་ཀྱང་། ད་ལྟ་གཞུང་གི་བཀོད་ཁྱབ་འོག་དེ་རིགས་གང་ཡང་གཉེར་མི་ཆོག་པས། སློབ་གྲྭའི་ནང་བོད་ཡིག་སློབ་མི་ཆོག་པ་དང་གུང་གསེང་སྐབས་བོད་ཡིག་གསབ་ཁྲིད་མི་ཆོག་པས། དངོས་གནས་བོད་རིགས་བྱིས་པ་ལོ་ཆུང་ཚོ་གང་ཡང་མི་ཤེས་མཁན་དང་། རེ་བ་བརྒྱབ་ས་མེད་པ་ཞིག་ཏུ་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་རྒྱ་ནག་གཞུང་གིས་སློབ་གྲྭ་ཕྱི་ནས་སློབ་མར་གསབ་སྦྱོང་སྤྲོད་རྒྱུར་བཀག་འགོག་བྱས་རྗེས། ལོ་དེའི་ཕྱི་ཟླ་ ༡༡ ནང་མཚོ་སྔོན་དང་མགོ་ལོག་ཕྱོགས་ནས་གུང་གསེང་དང་འབྲེལ་སློབ་མར་བོད་ཡིག་གསབ་སྦྱོང་སྤྲད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་ཕྱི་ལོ་ ༢༠༢༢ ལོར་མི་སྒེར་ངོས་ནས་སློབ་མ་བསྡུ་རུབ་ཀྱིས་བོད་སྐད་ཡིག་གི་གསབ་སྦྱོང་སྤྲད་རྐྱེན་ལྷ་ས་ཁུལ་དུ་དངུལ་ཆད་རྒྱ་སྒོར་ཁྲི་ ༢ དང་། དགེ་རྒན་གྱི་ལག་འཁྱེར་གཞུང་བཞེས་བཏང་བའི་གནས་ཚུལ་བྱུང་ཡོད་པ་སོགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ལོ་རེ་བཞིན་བོད་ནང་གི་སློབ་མ་ཚོར་བོད་ཡིག་སློབ་ཁྲིད་ཇེ་ཉུང་དུ་གཏོང་བ་དང་། ཕྱི་ལོ་༢༠༢༣ ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་རྔ་བ་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་བ་དང་། དཀར་མཛེས་ཁུལ་དུ་སློབ་གྲྭ་ཁག་ནང་བོད་ཡིག་རྩ་ནས་སློབ་ཁྲིད་བྱེད་མི་བཅུག་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎