རྒྱ་ནག་གིས་གཞུང་དང་ལྟ་སྤྱོད་མི་མཐུན་པ་རྣམས་འཛིན་བཟུང༌།
2009.11.14
༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ཏུ་ཐེངས་དང་པོ་འཚམས་འདྲིར་ཕེབས་རྒྱུའི་སྔ་རོལ་དུ་རྒྱ་ནག་གཞུང་གིས་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཁག་ཅིག་དོ་དམ་བྱེད་པ་སོགས་དམངས་གཙོ་དོན་གཉེར་ཅན་ཐོག་རྡུང་རྡེག་གཏོང་བའི་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་ལ་རྒྱ་ནག་གཞུང་གིས་དོ་དམ་བྱས་པའི་མི་དེ་དག་གི་ནང་མི་སྤུན་མཆེད་དང་སེམས་འཁུར་ཡོད་པ་ཚོས་དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་ལ་ངོ་སྤྲོད་བྱས་ཡོད་པ་རེད།
སྲིད་འཛིན་ཨོ་སྦ་མ་མཆོག་ད་རེས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལྔ་ཙམ་ནང་འཚམས་འདྲིར་ཕེབས་རྒྱུའི་ཐོག་མར་ཉི་ཧོང་དང་དེ་རྗེས་སིག་ག་པོར་དུ་ཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཐོག་ཚོགས་བཅར་གནང་སྟེ་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་དུ་ཁྱུག་ཙམ་འབབ་ཚུགས་གནང་གི་ཡོད་པ་རེད། དེ་རྗེས་རྒྱལ་ས་པེ་ཅིང་དུ་འཚམས་འདྲིར་ཕེབས་ཐོན་གནང་སྟེ་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ལྦེན་ཅ་པའོ་སོགས་དཔོན་རིགས་ཁག་དང་མཇལ་འཕྲད་གནང་རྒྱུ་སོགས་ཉིན་བཞིའི་རིང་རྒྱ་ནག་གི་འཚམས་འདྲི་གནང་རྒྱུན་རིང་ལ་རྒྱ་ནག་གི་དབུ་ཁྲིད་ལྷན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་ཡོང་བའི་འབོད་སྐུལ་ཞུ་ཡི་ཡོད་པ་རེད། དེར་བརྟེན་སྲིད་འཛིན་ཨོ་སྦ་མ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུའི་དུས་ཚོད་ཉེ་བར་སླེབས་པའི་སྐབས་དེར་ན་ནིང་རྒྱ་ནག་ནང་ཕྲུ་གུའི་འོ་ཙམ་ནང་ཕྲུ་གུའི་བདེ་ཐང་ལ་གནོད་འཚེ་བཟོ་མཁན་གྱི་རྫས་འགྱུར་བསྲེས་ལྷད་བཏང་བའི་རྐྱེན་གྱིས་ཕྲུ་གུ་ནད་མནར་དུ་གྱུར་བའི་ནང་མི་ཚོར་གུན་གསབ་ཀྱི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ཕ་མ་ཚོའི་ནང་ནས་ཀྲའོ་ལེན་ཧའེ་ཟེར་བ་རྒྱ་ནག་གཞུང་གིས་དོ་དམ་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཁོང་གི་བཟའ་ཟླ་ལི་ཞུའེ་མེ་ཡིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་བརྗོད་ཡོད་པ་རེད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེ་དམཁན་གྱིས་བཤད་པར་གཞིགས་ན་རེས་གཟའ་པ་སངས་ཀྱི་ཕྱི་དྲོ་ཙམ་ལ་རྒྱ་ནག་ཉེན་རྟོག་པས་ཀྲའོ་གྱི་ཁྱིམ་ཚང་དུ་ཡོང་སྟེ་ཁྱིམ་ཚང་སྔོག་བཤེར་བརྒྱབ་པ་དང་ཀམ་པུ་ཊར་དང་བརྙན་འཕྲིན་པར་ཆས། ཁ་བྱང་གི་དེབ་སོགས་གཞུང་བཞེས་བཏང་བ་མ་ཟད་ཁོང་ལ་ལག་ལྕགས་བརྒྱབ་ཏེ་བཙན་ཁྲིད་བྱས་པ་རེད། དེ་བཞིན་ཕྱི་ལོ་༡༩༨༩ལོའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ནང་ཞུགས་ཏེ་དབང་པོ་སྐྱོན་ཅན་དུ་གྱུར་བ་ཆི་ཀྲི་ཡུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་གོ་སྒྲིག་བྱེད་རྒྱུའི་འཆར་གཞི་ཡོད་པའི་ཉེས་འཛུགས་འོག་རྒྱ་མིའི་ཉེན་རྟོག་པས་ཟླ་བ་འདིའི་ཕྱི་ཚེས་དགུ་ཉིན་པེ་ཅིང་གི་སྤྱི་གླིང་ནང་ནས་དོ་དམ་བྱས་ཡོད་པ་སོགས་ཁྱོན་མི་གྲངས་སུམ་ཅུ་སོ་གྲངས་ཤིག་དོ་དམ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།