༄༅༎བོད་ཤར་ཕྱོགས་དཀར་མཛེས་ས་ཁུལ་ནང་རྒྱ་ནག་གཞུང་གིས་བོད་མི་ཚོར་བོད་ཀྱི་ལོ་གསར་སྲུང་བརྩིའི་ཆེད་འགྲོ་སོང་ཆེན་པོ་བཏང་གི་ཡོད་འདུག
འདི་གའི་གསར་འགོད་པས་ཨོ་སི་ཀྲོ་ལི་ཡ་ནས་གནས་ཚུལ་ཁུངས་ལྡན་བྱས་དོན་ལྟར་ན་དཀར་མཛེས་ཁུལ་ནང་དགོན་པ་དང་བཙུན་དགོན་ཆེ་ཆུང་སུམ་ཅུ་ཙམ་ཡོད་པ་དེ་དག་ལ་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་སྲུང་བརྩི་བྱ་དགོས་ལུགས་བཙན་བཀའ་བཏང་བ་ཙམ་མ་ཡིན་པར་འགྲོ་སོང་གཏོང་ཆེད་རྒྱ་སྒོར་སྟོང་ཕྲག་མང་པོ་སྤྲོད་ཀྱི་ཡོད་ལུགས་ས་གནས་ཀྱི་ཡུལ་མི་གཉིས་ཀྱིས་ཞལ་པར་ཐོག་འགྲེལ་བརྗོད་བྱས་འདུག དགོན་སྡེ་ཁག་དེ་དག་ནས་གཅིག་གིས་གཞུང་གི་དངུལ་ལེན་ཡོད་ལུགས་ཀྱང་གཞན་པ་ཚོས་དངུལ་ལེན་པ་མ་ཟད་དགོན་དེ་དག་རང་སྐྱ་འཕེལ་བའི་སྒྲིག་འཛུགས་ཡིན་པས་ལོ་གསར་སྲུང་བརྩིའི་ཆེད་རོགས་དངུལ་དགོས་ཀྱི་མེད་ལུགས་བརྗོད་ཡོད་པ་ལུང་འདྲེན་བྱས་འདུག ས་གནས་ཀྱི་རྒྱ་ནག་གི་འགོ་ཁྲིད་ཚོས་དཀར་མཛེས་ནང་ལོ་གསར་ཚེས་གཅིག་ཉིན་ཚོང་ཁང་ཚང་མ་སྒོ་རྒྱབ་དགོས་པའི་བཀོད་ཁྱབ་བཏང་འདུག་ཀྱང་ཚོང་ཁང་མང་ཆེ་བ་སྒོ་ཕྱེ་ཡོད་འདུག ནམ་རྒྱུན་ལོ་གསར་སྐབས་མི་མང་ཚོ་དགོན་སྡེ་ཁག་ལ་མཆོད་མཇལ་དུ་བསྐྱོད་རྒྱུ་སོགས་དགའ་དགའ་སྤྲོ་སྤྲོ་བྱེད་སྲོལ་ཡོད་ཀྱང་ད་ལོ་ཚང་མ་ཁ་ཁུ་སིམ་སིམ་བྱས་ནས་བསྡད་ཡོད་ལུགས་ས་གནས་ཀྱི་ཡུལ་མི་གཅིག་གིས་འགྲེལ་བརྗོད་གནང་འདུག།