ལྷ་ས་ཁུལ་དུ་རྒྱ་ནག་གཞུང་གིས་ཉིན་བརྒྱའི་འགུལ་སྐྱོད་ལས་འགུལ་ཟེར་བ་དང་འབྲེལ་ནས་བོད་མི་མང་པོ་འཛིན་བཟུང་བྱེད་བཞིན་ཡོད་འདུག
ཕྱི་ཟླ་༧པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཉིན་བརྒྱའི་འགུལ་སྐྱོད་ལས་འགུལ་ཞེས་པ་ཞིག་མགོ་འཛུགས་བྱས་ཡོད་པ་བཞིན། ད་ལྟའི་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠པར་གྲ་སྒྲིག་ཆེད། འགུལ་སྤྱོད་ལས་འགུལ་ཁྲོད་ལྷ་ས་ཁུལ་དུ་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་ཞིབ་བཤེར། དེ་བཞིན་དམག་ཆས་དང་ཉེན་རྟོག་སྒྲིག་ཆས་སོགས་གང་ཡང་མ་གྱོན་པའི་མི་སྣ་འགྲེམས་འཇོག་གིས། ལྷ་ས་གཙོས་ནག་ཆུུ་དང་། མངའ་རིས། གཞིས་རྩེ་སོགས་སུ་སྲང་ལམ་དང་གྲོང་སྡེ་ཁག་ཚང་མར་ལྟ་རྟོག་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་གནས་ཚུལ་དེའི་སྐོར་ལ་རྒྱ་ནག་གཞུང་འབྲེལ་ཀྲུང་གོ་བོད་ཀྱི་གསར་ཁང་གིས་གནས་ཚུལ་སྤེལ་བ་ཞིག་གི་ནང་། ཐེངས་འདིར་འཛིན་བཟུང་བྱས་པའི་ཁྲོད་ལྷ་ས་གྲོང་ཁྱེར་ནས་མི་གཉིས་དང་། མལ་གྲོ་གུང་དཀར་རྫོང་ནས་མི་གསུམ་བཅས་འཛིན་བཟུང་བྱས་ཡོད་བཀོད་ཡོད་ཀྱང་། གནས་ཚུལ་མཁོ་སྤྲོད་པས་མི་སྣ་དེ་ལས་མང་བ་འཛིན་བཟུང་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་ལ། རྒྱ་ནག་གཞུང་གིས་ཉིན་བརྒྱའི་བྱ་སྤྱོད་ནི་ཚོགས་ཆེན་༢༠་པར་བསུ་བ་བྱེད་ཆེད། སྤྱོད་གཙང་དང་ཁོར་ཡུག་ཡག་པོ་ཡོང་ཆེད་ཡིན་པ་དང་། གཞན་ཡང་ཉེན་རྟོག་པ་དང་ཞིབ་གཅོད་ཁང་གིས་ཉིན་མཚན་བརྒྱུད་ནས་དྲ་ལམ་ལ་ཞིབ་བཤེར་ལྟ་རྟོག་བྱས་ཏེ། ནུས་ཤུགས་ཡོད་ཚད་ཀྱིས་ཚོགས་ཆེན་༢༠པ་འཚོགས་རྒྱུར་ལམ་ཁ་ཡག་པོ་གཏོད་ཆེད་ཡིན་སྟབས། མི་མང་ནས་མཉམ་འབྲེལ་དང་ཉེས་ཅན་རྩིས་སྤྲོད་དང་ཡར་ཞུ་བཅས་དགོས་སྐོར་བརྗོད་འདུག
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། མི་མང་པོ་འཛིན་བཟུང་བྱས་པའི་གནས་ཚུལ་གོ་ཐོས་ཡོད་ཀྱང་། ཁོ་ཚོ་མང་པོ་ཞིག་ལ་ཁྲིམས་འགལ་དང་བརྐུ་བྱས་ཡོད་སྐོར་བརྗོད་བཞིན་པ་ཙམ་ལས། མི་སྣ་དེ་དག་སུ་ཡིན་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོག་མེད་པ་དང་། ཁ་པར་དང་གློག་ཆས་རིགས་ལ་ལྐོག་ཉན་དང་པར་རིས་རིགས་དྲ་ལམ་ཁག་ཏུ་བརྒྱུད་སྐུར་བྱེད་མཁན་ཚོར་འབོད་འགུག་གིས་འདྲི་རྩད་དང་། སླད་ཕྱིན་དེ་ལྟར་བྱེད་མི་ཆོག་པའི་ཁས་ལེན་དང་སོ་ལྟའི་འོག་ཏུ་བཅུག་པ་སོགས་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།
འདི་ལོའི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་དེ་ཕྱི་ཟླ་༡༠་ཟླ་མཇུག་ཙམ་ནང་འཚོགས་འཆར་ཡོད་པ་དང་། ཚོགས་ཆེན་དེ་ནི་དམར་ཤོག་ཚོགས་པའི་ལོ་ལྔའི་ནང་གི་ཚོགས་ཆེན་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད་ལ། སྤྱིར་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཁག་དང་བོད་དང་འབྲེལ་བའི་དུས་ཚེས་ཁྱད་པར་ཅན་ཁག་ལ་ནམ་རྒྱུན་བོད་ནང་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། ལྷག་པར་དུ་ཉེ་སྔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དང་འབྲེལ། བོད་ཀྱི་ས་ཁུལ་མང་པོའི་ནང་དམ་དྲགས་དང་ཞིབ་བཤེར་རིགས་བྱས་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།