རྒྱ་རིགས་དམངས་གཙོ་དོན་གཉེར་བས་རྡ་ས་ནས་བོད་དོན་གླེང་བ།
2016.05.06

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་སྐུ་ཞབས་ཐང་པེའོ་(teng biao)ཡིས་བོད་མི་དོན་གཉེར་བ་དང་། གསར་འགོད་པ། སློབ་ཕྲུག་སོགས་དང་ལྷན་དུ་རྒྱ་ནག་གི་དམངས་གཙོ་དང་བོད་ཀྱི་འབྱུང་འགྱུར་ཟེར་བའི་བརྗོད་གཞིའི་ཐོག་བོད་དོན་སྐོར་བགྲོ་གླེང་གནང་ཡོད་འདུག
དེ་ཡང་རྒྱལ་སྤྱིའི་བོད་ཀྱི་འབྲེལ་འཐུད་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་ཁང་ཟུང་འབྲེལ་ཐོག་ནས། ཕྱི་ཚེས་༥་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་དོན་དོན་གཉེར་བ་དང་། སློབ་ཕྲུག གསར་འགོད་པ་སོགས་དང་མཉམ་བཞུགས་ཀྱི་ལྷན་ཚོགས་ཞིག་གོ་སྒྲིག་གནང་ཡོད་པ་དང་། དེའི་ཐོག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་སྐུ་ཞབས་ཐང་པེའོ་ཡིས། བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དང་། དེ་བཞིན་རྒྱ་ནག་གཞུང་གིས་དྲ་རྒྱ་དང་ཁ་པར་སོགས་རྒྱ་ནག་དང་བོད་མི་མང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ནང་གི་གནས་ཚུལ་ཉན་ཞིབ་བྱེད་ཀྱི་ཡོད་པ་སོགས་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་མ་ཟད།
ཁོང་གིས་གདས་པའི་ལོ་ཁ་ཤས་ནང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་ཕྱག་ལས་གནང་བའི་ཉམས་མྱོང་དང་། དེ་བཞིན་ཁོང་དང་ཁོང་གི་ཕྱག་རོགས་ཁག་ཅིག་གིས་༢༠༠༨་ལོར་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་ཆེ་བའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་རྒོལ་བྱས་པའི་བརྒྱུད་རིམ་ནང་། རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་བཙོན་འཇུག་བྱས་ཡོད་པ་རྣམས་ལ་ཁྲིམས་ཐོག་རྩོད་བཤེར་རོགས་རམ་གནང་རྒྱུ་ཡོངས་གྲགས་གནང་བའི་རྐྱེན་གྱིས་རྒྱ་ནག་གཞུང་གི་བཙན་གནོན་ཕོག་པའི་གནས་ཚུལ་སོགས་ཚོགས་བཞུགས་པ་ཚོར་གླེང་གནང་ཡོད་པ་རེད།
སྐུ་ཞབས་ཐང་པེའོ་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་། ཁོང་ཉིས་སྟོང་བརྒྱད་ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ནས་གློད་བཀྲོལ་བྱུང་རྗེས། ཉིས་སྟོང་བཅུ་གཅིག་ལོར་སླར་ཡང་འཛིན་བཟུང་བྱས་ཡོད་ཅིང་། སྐུ་ཞབས་ཐང་པེའོ་ཡིས་བགྲོ་གླེང་ལྷན་ཚོགས་དེའི་ཐོག་མི་མང་པོ་ཞིག་གིས་ང་ལ་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཀྱི་འདུག་ཀྱང་ཡིན་ནའི་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དང་རང་ནུས་གང་ཡོད་ཀྱི་རོགས་རམ་བྱ་རྒྱུ་དེ་ནི་ང་ཚོ་རྒྱ་མི་རིགས་ཚོའི་འོས་འགན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་སོགས་གསུངས་འདུག
གསར་འགོད་པ་འཆི་མེད།
ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།