བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་དགོས།
2012.10.04
༄༅། །དེ་ཡང་ཁ་ས་ཚེས་གསུམ་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དང་། གྲོང་ཁྱེར་ནིའུ་ཡོག། དབྱིན་ཇིའི་རྒྱལ་ས་ལོན་དྲོན་དང་། ཨོ་སེ་ཀྲེ་ལེ་ཡའི་གྲོང་ཁྱེར་སིཊ་ཎི་བཅས་ནས་ཉིན་རྒྱ་དུས་གཅིག་ཏུ་དྲ་རྒྱ་བརྒྱུད་ནས་སྙན་ཐོ་ཞིག་གསར་འགོད་གསལ་བསྒྲགས་སྤེལ་ཡོད་འདུག གོང་ཞུས་ལས་འགུལ་དེ་སྤེལ་མཁན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཀྱི་འགན་འཛིན་བསྟན་འཛིན་འཇིགས་མེད་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ། ཨོ་སེ་ཀྲེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཡོད་སྐྱིད་འཛོམས་ལགས་ཡིན་པ་རེད། བསྟན་འཛིན་འཇིགས་མེད་ལགས་ནས། རིང་མིན་རྒྱ་ནག་གི་འགོ་འཁྲིད་དུ་ཤི་ཅི་པིང་སླེབས་ཀྱི་ཡོད་ཀྱང་། བོད་ནང་རྒྱ་ནག་གཞུང་ནས་བཙན་འཛུལ་བྱས་པའི་སྲིད་བྱུས་འཛིན་བཞིན་པ་དེས་མ་འོངས་ཕུགས་རྒྱངས་རིང་པོའི་རིང་རྒྱ་ནག་གི་བརྟན་ལྷིང་དང་། རྒྱལ་སྤྱིའི་ནང་ཆེ་ཐོངས་ལ་ཉེན་ཚབས་ཆེན་པོ་ཞིག་ཆགས་རྒྱུ་ཡིན་དུས་ཁོང་ནས་དེར་གདོང་ལེན་བྱེད་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག
སྙན་ཐོ་དེའི་ནང༌། ལོ་ངོ་དྲུག་བཅུའི་རིང་རྒྱ་ནག་གཞུང་ནས་བོད་ནང་སྲིད་བྱུས་འཛིན་སྟངས་ལ་ལམ་ལྷོང་མ་བྱུང་བ་དེར་རིང་མིན་འགོ་འཁྲིད་གསར་པ་ཤི་ཅི་པིང་ནས་འགྱུར་བ་གཏོང་རྒྱུར་གདོང་ལེན་བྱེད་དགོས་པའི་གནས་སྟངས་རྣམས་ངོ་སྤྲོད་གནང་ཡོད་པ་རེད།།