རྒྱ་ནག་གི་དྲན་གསོའི་དམག་དཔུང་རུ་སྒྲིག་ལ་ལྟ་ཚུལ་མི་འདྲ་ཡོད་པ།


2015.09.03
རྒྱ་ནག་གི་པེ་ཅིང་ལ་དམག་དཔུང་རུ་བསྒྲིགས་དང་དྲག་ཆས་དོམ་སྟོན་བྱེད་བཞིན་པ། ༢༠༡༥།༩།༣ རྒྱ་ནག་གི་པེ་ཅིང་ལ་དམག་དཔུང་རུ་བསྒྲིགས་དང་དྲག་ཆས་དོམ་སྟོན་བྱེད་བཞིན་པ། ༢༠༡༥།༩།༣
AFP

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་གིས་རྒྱ་ནག་གི་དམག་མི་འབུམ་གསུམ་ཉུང་འཁྲི་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་འདུག དེའི་སྐོར་འཆི་མེད་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།

དེ་རིང་བརྒྱུད་ལམ་ཆེ་ཁག་མང་ཆེ་བའི་ནང་གནས་ཚུལ་བཀོད་པ་ལྟར་ན། ཟླ་༩ཚེས་༣ཉིན་རྒྱ་ནག་མི་མང་གིས་ཉི་ཧོང་འགོག་པའི་དམག་འཁྲུག་དང་། འཛམ་གླིང་གིས་ཕ་ཤི་སི་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་༧༠་འཁོར་བའི་དྲན་གསོའི་རྟེན་འབྲེལ་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བསྐོང་ཚོགས་བྱས་པ་དང་འབྲེལ་རྒྱ་ནག་དམག་དཔུང་གིས་རུ་བསྒྲིགས་ཀྱི་བྱེད་སྒོ་སྤེལ་བའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་གིས་རྒྱ་ནག་གི་དམག་མི་འབུམ་གསུམ་ཉུང་འཁྲི་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།
དམག་མིའི་རུ་བསྒྲིགས་འགོ་མ་འཛུགས་གོང་ཞེ་ཅིན་ཕིང་གིས་གཏམ་བཤད་སྤེལ་དོན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཤར་ཕྱོགས་ཀྱི་དམག་ས་གཙོ་བོ་དེ་རྒྱ་ནག་ཡིན་པ་དང་། ཕ་ཤི་སི་ལས་རྣམ་པ་རྒྱལ་རྒྱུར་རྒྱ་ནག་གིས་གལ་ཆེའི་ལེགས་སྐྱེས་ཕུལ་བའི་སྐོར་དང་། དམག་ཆེན་གཉིས་པའི་སྐབས་རྒྱ་ནག་གི་མི་ས་ཡ་༣༥་ཤི་རྨས་བྱུང་བ་དང་། སྔར་གྱི་སུའུ་ལན་གྱི་མི་ས་ཡ་༢༧་ཤི་བའི་སྐོར་བཤད་ཡོད་པ་རེད།  
རྒྱ་ནག་གཞུང་ཕྱོགས་ཀྱི་མ་འོངས་ལམ་ཕྱོགས་རྩ་འཛིན་བྱ་ཐབས་ཐད་ཞེ་ཅིན་ཕིང་གིས་མར་ཁེ་སི་ལི་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་བསམ་བློ། ཏེང་ཤའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ། ཚན་རིག་གི་འཕེལ་རྒྱས་ལྟ་བ། དེའི་ནང་ཞེ་ཅིན་ཕིང་རང་ཉིད་ཀྱིས་བཏོན་པའི་ཕྱོགས་ཡོངས་བཞི་སོགས་གལ་ཆེའི་དམིགས་ཡུལ་དུ་བཟུང་རྒྱུར་ནན་བཤད་བྱས་ཡོད་པ་རེད།
རའེ་ཀྲར་གསར་ལས་ཁང་གིས་སྐབས་དེའི་གནས་ཚུལ་སྤེལ་བའི་ནང་། ད་རེས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་མང་ཆེ་བ་དུས་དྲན་བྱེད་སྒོ་དེའི་ཐོག་ཞུགས་མེད་པའི་གནས་སྟངས་འོག་ཞེ་ཅིན་ཕིང་གིས་དམག་མི་འབུམ་གསུམ་ཉུང་འཁྲི་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དེའི་ཐོག་ནས་ད་ཡོད་རྒྱ་ནག་དམག་མིའི་གྲངས་འབོར་ས་ཡ་གཉིས་དང་འབུམ་གསུམ་ནས་བརྒྱ་ཆ་༡༣་ཉུང་འཁྲི་བྱས་པ་མཚོན་གྱི་ཡོད། ཡིན་ནའི་ཉུང་འཁྲི་ག་དུས་བྱེད་མིན་བཤད་མེད་པ་རེད་ཅེས་དང་། ཐེངས་འདིའི་དམག་དཔུང་རུ་བསྒྲིགས་སྐབས་དམག་གྲུ་གཏོར་བྱེད་མེ་ཤུགས་འཕུར་མདེལ་སོགས་གོ་མཚོན་གསར་པ་འགའ་ཞིག་ཀྱང་བཤམས་སྟོན་བྱས་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གི་དྲན་གསོའི་བྱེད་སྒོ་དེའི་ཐད་ཉི་ཧོང་དང་། ཐེ་ཝན་གྱི་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱས་ཏེ་རྒྱ་ནག་གོ་མིན་ཏང་དང་། གུང་ཁྲན་ཏང་གཉིས་པོས་དམག་ཆེན་གཉིས་པའི་སྐབས་ཀྱི་ལོ་རྒྱུས་གནས་ཚུལ་ཁག་སོ་སོས་མི་འདྲ་བ་བཤད་ཀྱི་ཡོད་པའི་སྐོར་གནས་ཚུལ་མང་པོ་བཀོད་སྤེལ་བྱས་ཡོད་པ་དང་། གླེང་ཕྱོགས་ནས་རྒྱ་ནག་དང་ལྟ་ཚུལ་མི་འདྲ་ཡོད་པ་རེད།
ཐེ་ཝན་མིང་པའོ་ཚགས་པར་གྱིས་ཆེད་བརྗོད་སྤེལ་བའི་ནང་། རྒྱ་ནག་གི་དམག་མིའི་རུ་བསྒྲིགས་ནི་ཕྱི་རྫིག་ནང་སྟོང་ཡིན་པ་དེ་གཡོ་བགེགས་བྱེད་ཐུབ་ཀྱི་མ་རེད། དམག་ཆེན་གཉིས་པའི་སྐབས་ཉི་ཧོང་དམག་དཔུང་དེ་གོ་མིན་ཏང་དང་། གུང་ཁྲན་ཏང་གིས་ཕམ་ཉེས་བཏང་བ་ཞིག་མ་ཡིན་པར་གཙོ་བོ་ཨ་རིས་ཕམ་ཉེས་བཏང་བ་དང་། དེ་རྗེས་སུའུ་ལན་དམར་དམག་གིས་རྒྱ་ནག་ཇན་ཇུ་དང་། བྱང་ཀུ་ར་ཡ་སོགས་ལ་ཉི་ཧོང་ལ་དམག་དཔུང་ལ་དམག་བརྡ་བཏང་བ་སོགས་ལས་ཉི་ཧོང་མགོ་སྒུར་རྒྱུར་ནུས་པ་ཅུང་ཐོན་ཐུབ་པ་བྱུང་ཡོད་པ་རེད་ཅེས་སོགས་བཀོད་འདུག
ཕྱོགས་མཚུངས་ཕིང་གོ་ཚགས་པར་གྱིས་ཀྱང་ཆེད་བརྗོད་སྤེལ་བའི་ནང་། ཉི་ཧོང་དང་རྒྱ་ནག་བར་དམག་ཆེན་གཉིས་པའི་དམག་འཁྲུག་སྐབས་ཨུ་རུ་སུས་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།
ད་རེས་རྒྱ་ནག་པེ་ཅིན་དུ་གཉེར་བའི་དམག་ཆེན་གཉིས་པ་མཇུག་བསྒྲིལ་གྱི་ལོ་ངོ་༧༠་འཁོར་བའི་དྲན་གསོའི་དམག་མིའི་རུ་བསྒྲིགས་དེའི་ཐད་ཉི་ཧོང་གི་མངོན་ཚུལ་ནི། གཅིག་ནས་པེ་ཅིན་དུ་གཉེར་བའི་དུས་དྲན་བྱེད་སྒོར་ཉི་ཧོིང་གི་སྲིད་བློན་ཤིན་ཛོ་ཨ་པེ་ཞུགས་མེད་པ་དང་།  ཉི་ཧོང་གི་ནང་བློན་ཁང་གི་བློན་ཆེན་ཀོང་དབྱི་ཝུད་ཀྱིས། རྒྱ་ནག་ཕྱོགས་ནས་ག་དུས་ཡིན་ནའང་དེ་སྔའི་སྐྱོ་ཤས་ཅན་གྱི་ལོ་རྒྱུས་དེ་འཇུས་ནས་མ་གློད་བྱེད་རྒྱུ་མེད་པར། དེ་ལས་མ་འོངས་ཀྱི་རྣམ་འགྱུར་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཐོུང་གིས་དོ་ཁུར་བྱེད་སའི་གནད་དོན་ལ་ཕྱོགས་དགོས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་རྣམ་པ་བསྟན་ཡོད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎