ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་རྩོད་གཞི།
2011.06.14
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས། ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་གི་རྩོད་གཞིའི་གནད་དོན་ཐོག་ཕྱི་རྒྱལ་ཁབ་ཁག་གིས་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད།
རྒྱ་ནག་དང་ལྦིཏ་ནམ་དམར་ཤོག་རྒྱལ་ཁབ་གཉིས་དབར་ལ་གཏེར་གྱིས་ཕྱུག་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་རྩོད་ལེན་ཡོད་མུས་ཐོག་ཉེ་ཆར་རྩོད་གཞིར་གནས་པའི་རྒྱ་མཚོ་དེའི་ཐོག་རྒྱ་ནག་གི་མྱུལ་ཞིབ་གྲུ་གཟིངས་ཀྱིས་ལྦིཏ་ནམ་གཏེར་ཁ་བསྔོག་འདོན་བྱེད་མཁན་གྲུ་གཟིངས་ཐོག་གདོང་ཐུག་རྒྱབ་ཏེ་ཡུལ་གྲུ་གཉིས་དབར་གྱི་གནས་སྟངས་ཛ་དྲག་ཏུ་གྱུར་བའི་རྗེས། ལྦིཏ་ནམ་གཞུང་གིས། རྒྱ་ནག་དང་ལྦིཏ་ནམ་གཉིས་དབར་གྱི་ད་ལྟའི་ཛ་དྲག་གི་གནས་སྟངས་འགྲིག་འཇགས་ཡོང་ཐབས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་རམ་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད། དེར་བརྟེན་དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས་གསར་འགོད་ལྷན་ཚོགས་ཐོག་ རྒྱ་ནག་ཕྱོགས་ནས། ལྷོ་རྒྱ་ནག་གི་རྒྱ་མཚོའི་རྩོད་གཞིའི་ནང་དུ་ཐེ་ཇུས་མེད་པའི་རྒྱལ་ཁབ་ཚོས། རྩོད་གཞིར་གནས་པའི་རྒྱལ་ཁབ་ཕན་ཚུན་དབར་ལ་གྲོས་མོལ་བྱས་པ་བརྒྱུད་ཞི་བའི་ཐོག་ནས་དཀའ་ངལ་སེལ་ཐབས་བྱེད་པའི་ལས་དོན་ལ་དོན་དམ་གྱིས་བརྩི་བཀུར་ཞུ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་དང༌། ལྷག་པར་དུ་རྒྱ་ནག་ཕྱོགས་ནས་རང་ཉིད་ཀྱི་ཁྲིམས་ལུགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དང་རྒྱལ་ཁབ་གཞན་གྱིས་གནད་དོན་དེའི་ཐོག་ཁྲིམས་ལུགས་དང་མི་མཐུན་པའི་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་ཡོད་ཅེས་བཤད་ཡོད་པ་རེད། རྒྱ་ནག་དང་ལྦིཏ་ནམ་དབར་ས་ཆའི་བདག་དབང་གི་རྩོད་གཞིར་གྱུར་བའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་ཕྱོགས་གཉིས་པོའི་གྲུ་གཟིངས་གདོང་ཐུག་གི་དོན་རྐྱེན་བྱུང་བའི་རྗེས། ད་རེས་གཟའ་མཇུག་ཏུ་ལྦིཏ་ནམ་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་དང་ལྦིཏ་ནམ་དབར་གྱི་དཀའ་རྙོགས་སེལ་ཐབས་ལ་ཨ་མི་རི་ཀས་གཙོས་པའི་རྒྱལ་སྤྱིའི་རོགས་རམ་གནང་རྒྱུ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུང་པའི་རྗེས། རེས་གཟའ་ཟླ་བའི་ཉིན་ལྦིཏ་ནམ་མཚོ་དམག་གིས་རྩོད་གཞིར་གནས་པའི་རྒྱ་མཚོ་དེའི་དབུས་མཚོ་ཁའི་ཐོག་དེ་སྔ་བྱེད་མྱོང་མེད་པའི་གོ་མཚོན་བེད་སྤྱོད་བྱས་པའི་དམག་རྩལ་སྦྱོང་བརྡར་བྱས་པའི་གནས་ཚུལ་དེ་བྱུང་བའི་ཉིན་གཅིག་གི་རྗེས་སུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རྩོད་གཞིའི་གནད་དོན་དེའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་ཇུས་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་དགག་ལན་སྤེལ་ཡོད་པ་རེད།