ཤར་ཏུར་ཀི་སི་ཏན་ནང་ཆབ་སྲིད་ཀྱི་རྙོག་ཟིང་ཆེ་རུ་འགྲོ་ཉེན།
2009.03.06
༄༅༎ཤར་ཏུར་ཀི་སི་ཏན་གྱི་ཡུལ་དེ་རྒྱ་ནག་གིས་བཙན་བཟུང་བྱས་ཏེ་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཚིགས་དེ་འདི་ལོ་འཁེལ་གྱི་ཡོད་སྟབས་མངའ་ཁུལ་དེའི་ནང་འདི་ལོ་ཆབ་སྲིད་ཀྱི་རྙོག་ཟིང་ཆེ་རུ་འགྲོ་ཉེན་ཡོད་སྐོར་ཤར་ཏུར་ཀི་སི་ཏན་ནང་ཡོད་པའི་རྒྱ་ནག་གཞུང་གི་འགོ་འཁྲིད་ཅིག་གིས་ཉེན་བརྡ་བཏང་ཡོད་འདུག
དེ་ཡང་ཤར་ཏུར་ཀི་སི་ཏན་ས་གནས་མི་མང་སྲིད་གཞུང་ཟེར་བའི་འགོ་འཁྲིད་ནུར་སྦེཀ་རི་ཟེར་བས་བཤད་པའི་སྐད་ཆ་ཞིག་ལུང་འདྲེན་གྱིས་རྒྱ་ནག་གཞུང་གཉེར་ཤིན་ཧུའ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་གཞུང་གིས་དེ་སྔ་ཤར་ཏུར་ཀི་སི་ཏན་ནང་ཞི་བའི་བཅིང་བཀྲོལ་བཏང་སྟེ་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཚིགས་འདི་དགའ་སྟོན་གྱི་ཐོག་ནས་སྲུང་བརྩི་བྱེད་དགོས་པ་ཞིག་ཡིན་རུང་དགྲ་བོའི་ཕྱོགས་རྟོགས་པ་ཚོས་དགའ་སྟོན་གྱི་དུས་ཚིགས་འདི་མེད་པ་བཟོ་ཐབས་ཀྱི་ལས་འགུལ་མཚམས་འཇོགས་བྱེད་ཀྱི་མ་རེད། དེ་འདྲ་སོང་འདི་ལོ་ཤར་ཏུར་ཀི་སི་ཏན་ནང་བདེ་འཇགས་ཀྱི་དཀའ་ངལ་ཆེ་རུ་འགྲོ་རྒྱུ་དང་ང་ཚོའི་ལན་འགན་ཁག་ཏུ་འགྲོ་རྒྱུ།ང་ཚོ་དང་དགྲ་བོའི་དབར་གྱི་འཐབ་རྩོད་དེ་ཤུགས་ཆེ་རུ་འགྲོ་གི་རེད་ཅེས་གོང་ཞུས་ཤར་ཏུར་ཀི་སི་ཏན་ས་གནས་མི་མང་སྲིད་གཞུང་གི་འགན་འཛིན་ནུར་སྦེཀ་རི་ཡིས་ཉེན་བརྡ་བཏང་ཡོད་འདུག
ཡང་གནས་ཚུལ་ནང་མུ་མཐུད་རྒྱ་ནག་གཞུང་གིས་དེ་སྔ་ལོ་ངོ་དྲུག་བཅུའི་གོང་ཤར་ཏུར་ཀི་སི་ཏན་བཅིང་བཀྲོལ་བཏང་བ་ཡིན་ལུགས་བཤད་ཡོད་ཀྱང་ས་གནས་མི་མང་ཚོས་ཤར་ཏུར་ཀི་སི་ཏན་ནི་དེ་སྔ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་ཡུལ་དེའི་ཐོག་ལོ་ངོ་དྲུག་བཅུ་གོང་རྒྱ་ནག་གཞུང་གི་དྲག་པོའི་བཙན་འཛུལ་བྱས་ཏེ་དབང་དུ་འདུས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་འདུག།