རྒྱ་གཞུང་གི་དཔོན་རིགས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཉེན་བརྡ།
2009.02.12
༄༅༎ད་རེས་ཇར་མན་དང་ཨི་ཊ་ལི་རྒྱལ་ཁབ་བཅས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་བསྟོད་ཀྱི་གཟེངས་རྟགས་རྣམ་མང་ཞིག་ཕུལ་བའི་གནས་ཚུལ་ལ་མ་བཟོད་པར་ཁ་ས་རྒྱ་ནག་གཞུང་གི་དཔོན་རིགས་བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཞེས་འབོད་པའི་ཚོགས་གཙོ་གཞོན་པ་ཉི་མ་ཚེ་རིང་ཟེར་བས་ཕྱི་རྒྱལ་ཡུལ་ཁག་ཚོས་ཏཱ་ལའི་བླ་མར་ཆེས་བསྟོད་ཀྱི་གཟེངས་རྟགས་མ་ཕུལ་གྱི་གོང་རྒྱ་ནག་དང་འབྲེལ་ལམ་ལ་དོ་ཕོག་མི་འགྲོ་བའི་རྣོ་བསམ་གཏང་དགོས་པའི་ཉེན་བརྡ་ཞིག་བཏང་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་གཞུང་འབྲེལ་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཉི་མ་ཚེ་རིང་གིས་གཏམ་བཤད་ལུང་འདྲེན་བྱས་པའི་ནང་རྒྱལ་སྤྱིའི་ཡུལ་ཁག་ཚོས་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་གོ་ཆར་བཟུང་སྟེ་རྒྱ་ནག་ལྷན་གྱི་འབྲེལ་ལམ་དང་རྒྱ་ནག་མི་མང་གི་སེམས་ཚོར་ལ་གནོད་འཚེ་གཏོང་རྒྱུ་མེད་པའི་གཏམ་བཤད་བྱས་པའི་གནས་ཚུལ་ཞིག་སྤེལ་ཡོད་པ་རེད།
སྤྱི་ནོར་༸གོང་ས་མཆོག་ལ་ད་རསེ་ཉིན་ཤས་ནང་ཨི་ཊ་ལིའི་སྙན་གྲགས་ཅན་གྱི་གྲོང་ཁྱེར་རོམ་དང་ལྦེ་ནི་སི་གཉིས་སོ་སོས་༸གོང་ས་མཆོག་ལ་ཆེས་བསྟོད་ཀྱིས་གྲོང་ཁྱེར་གྱི་མཚན་སྙན་ཆེ་བའི་ཆེས་བསྟོད་ཡུལ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་ཕུལ་ཡོད་པ་དང་ཕྱོགས་མཚུངས་ཇར་མ་ནི་ནང་ཇར་གསར་འགྱུར་བརྒྱུད་ལམ་གྱི་ཕྱི་ལོ་༢༠༠༨ཀྱི་གལ་ཆེའི་བྱ་དགའ་དེ་ཡང་ད་རེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཡོད་པ་རེད། སྤྱི་ནོར་༸གོང་ས་མཆོག་གིས་ད་རེས་ཨི་ཊ་ལིའི་གྲོང་ཁྱེར་ལྦེ་ནི་སི་ནང་གྲོང་ཁྱེར་གྱི་ཆེས་བསྟོད་ཡུལ་མིའི་ཐོབ་ཐང་མཚོན་པའི་བྱ་དགའ་ཕུལ་བཞེས་ཀྱི་སྐབས་ད་རེས་བྱ་དགའ་དེ་བོད་ནང་བོད་མི་མང་མང་ཚོགས་ལ་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་དུས་སྐབས་ཤིག་ལ་གནང་བ་དེས་བོད་ནང་གི་བོད་མི་ཚོར་བོད་པ་ཚོར་རྒྱལ་སྤྱིའི་ནང་གྲོགས་མེད་མཁྱེར་རྐྱང་རེད་མིན་འདུག་སྙམ་པའི་སེམས་གསོ་ཞིག་ཡོང་རྒྱུ་ཡིན་སྐོར་བཀའ་གནང་ཡོད་པ་རེད༎