རྒྱ་ནག་སྤྱི་བདེ་ཚན་པའི་འགན་འཛིན་གཞོན་པར་བརྟག་དཔྱད་བྱེད་བཞིན།
2013.12.21
༄༅༎རེས་གཟའ་པ་སངས་ཉིན་གྱི་རྒྱ་ནག་གཞུང་སྦྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཞིག་གི་ཐོག རྒྱ་ནག་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚན་པས། རྒྱ་ནག་སྤྱི་བདེ་ཚན་པའི་ཏང་དབུས་ཀྱི་དྲུང་ཆེ་གཞོན་པ་དང་། སྤྱི་བདེ་ཚན་པའི་འགན་འཛིན་གཞོན་པ་ ལི་ཏུང་ཧྲེང་གིས། རྒྱ་ནག་གུང་ཁྲན་ཏང་གི་སྒྲིག་ཁྲིམས་དང་རྒྱ་ནག་གི་ཁྲིམས་ལུགས་ཚབས་ཆེ་བརྒལ་ཡོད་པའི་དྭོགས་གཞིའི་འོག ད་ཆ་རྒྱ་ནག་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚན་པས་ཁོ་པར་བརྟག་དཔྱད་བྱེད་བཞིན་ཡོད་པའི་གནས་ཚུལ་ཞིག་སྤེལ་ཡོད་པ་རེད་འདུག་ལ། ད་ལོ་ལོ་གྲངས་༥༨ལ་སླེབས་ཡོད་པའི་ལི་ཏུང་ཧྲེང་ནི་། རྒྱ་ནག་གུང་ཁྲན་གྱི་ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་དབྱང་སྲིད་ཁྲིམས་ལྷན་ཁང་གི་ཨུ་ཡོན། དེ་བཞིན་རྒྱ་ནག་སྤྱི་བདེ་ཚན་པའི་འགན་འཛིན་གཞོན་པ་ཡིན་པ་མ་ཟད་། ད་དུང་ལི་ཏུང་ཧྲེང་ནི་སྐབས་བཅུ་གཅིག་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐུ་ཚབ་འཐུས་མིའང་ཡིན་ཞིང་། རྒྱ་ནག་གཞུང་སྦྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་ ལི་ཏུང་ཧྲེང་ལ་བརྟག་དཔྱད་བྱེད་བཞིན་ཡོད་པའི་གནས་ཚུལ་དངོས་སུ་གསལ་བསྒྲགས་མ་བྱས་པའི་ཉིན་བཞིའི་སྔོན་ལ། ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་ ལི་ཏུང་ཧྲེང་ལ་བརྟག་དཔྱད་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་ཟིན་ཡོད་པ་རེད།།