རྒྱ་ནག་གིས་ཨ་རིར་ནང་སྲིད་ལ་ཐེ་ཇུས་མཚམས་འཇོག་བྱ་དགོས་ཟེར།
2016.01.14
དེ་ཡང་ཨ་མི་རི་ཀས་རྒྱ་ནག་གཞུང་གིས་དོ་དམ་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་རྣམས་གློད་བགྲོལ་གཏོང་དགོས་པའི་འབོད་སྐུལ་གནང་བའི་རྗེས། དེ་རིང་རྒྱ་ནག་གཞུང་གིས་ཨ་རིའི་ཕྱོགས་ནས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཟེར་བཤད་ཡོད་པ་རེད།
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཐོག་ལ་ལས་དོན་སྤེལ་མཁན་ཚོགས་པ་ཞིག་གིས། རྒྱ་ནག་གཞུང་གིས་ཉེ་བའི་དུས་ཚོད་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་དགུ་དོ་དམ་བྱས་ཡོད་པའི་ནང་ནས། མང་ཆེ་བར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློབ་ཐབས་བྱེད་མཁན་ཡིན་པའི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་བཙུགས་པའི་གནས་ཚུལ་དེ་རྒྱུན་ལྡན་ཞིག་ཡིན་པ་མ་ཟད་། དེ་ནི་གུང་ཁྲན་ཏང་ཚོགས་པ་གཅིག་གིས་སྲིད་དབང་ལ་སྐྱོན་བརྗོད་བྱེད་པ་དེ་ཚོ་བཀག་ཐབས་སམ་གདོང་ལེན་བྱ་རྒྱུར་དམིགས་པའི་ཐབས་ལམ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་Mark Tonerཡིས་རེས་གཟའ་ལྷག་པའི་ཉིན་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ལ། ཨ་མི་རི་ཀའི་ངོས་ནས། རྒྱ་ནག་ནང་དུ་ཉེ་བའི་འཆར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པའི་ཐོག་ལ་དྲག་གནོན་བྱེད་པའི་བྱ་སྤྱོད་ཐད་ལ་ཧ་ཅང་གི་ཐུགས་འཚབ་གནང་གི་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་ལ། ད་དུང་ཁོང་གིས་། ཨ་མི་རི་ཀས་རྒྱ་ནག་གཞུང་ལ་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་དེ་དག་ཐོག་བསྐལ་བའི་ཆབ་སྲིད་ཀྱི་ནག་ཉེས་དེ་དག་ཕྱིར་འཐེན་བྱས་དགོས་པ་མ་ཟད་། ཁོང་ཚོ་འཕྲལ་དུ་གློད་བགྲོལ་གཏོང་དགོས་པ་དང་། དེ་བཞིན་ཁོང་ཚོ་དང་འདྲ་བའི་རྒྱ་ནག་མང་ཚོགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གང་ཞིག་དོ་དམ་བྱས་པ་རྣམས་ཀྱང་གློད་བགྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད་།
འོན་ཀྱང་དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Hong Leiཡིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག ཕྱིའི་རྒྱལ་ཁབ་ཚོས་རྒྱ་ནག་གི་ཁྲིམས་ལུགས་བདག་དབང་ལ་བརྩི་བཀུར་བྱ་དགོས་པ་དང་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་བྱེད་དགོས་ཅེས་བཤད་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།