རྒྱ་ནག་གི་བྱ་སྤྱོད་དེ་ནི་རང་དབང་གི་ཐོག་བསྐྱར་དུ་འགོག་རྒོལ་བཏང་བ་རེད་ཟེར།
རྒྱ་ནག་གཞུང་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ཚོགས་མི་བཞིར་དཔལ་འབྱོར་གྱི་ཉེས་ཆད་བཀལ་བ་ནི་རང་དབང་གི་ཐོག་བསྐྱར་དུ་འགོག་རྒོལ་བཏང་བ་ཞིག་རེད་ཅེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསུང་འདུག
- 2022-01-11
-
-
-
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Anthony Blinken)་ལགས་ཀྱིས་འདི་ཚེས་༡༠་རེས་གཟའ་ཟླ་བའི་ཉིན་གསུང་ན། ཟླ་བ་སྔོན་མ་དེར་ཨ་མི་རི་ཀའི་(U.S. Commission on International Religious Freedom)་ཞེས་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Nadine Maenza)་དང་། ཚོགས་པའི་ཚོགས་གཞོན་སྐུ་ཞབས་(Nury Turkel)་དང་། ཚོགས་མི་ལྕམ་(Anurima Bhargava)་དང་སྐུ་ཞབས་(James W. Carr)་བཅས་བཞི་ལ་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་ཉེས་ཆད་བཀལ་བ་དེ་ནི། ཡོངས་ཁྱབ་ཏུ་ངོས་འཛིན་གནང་བཞིན་པའི་རང་དབང་ཁག་གི་ཐོག་སླར་ཡང་འགོག་རྒོལ་བཏང་བ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་གསུང་འདུག
དེ་བཞིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Blinken)་ལགས་ཀྱིས། དེ་སྔོན་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་ཁག་ཅིག་ཙམ་མ་ཟད། འཛམ་གླིང་གི་ས་ཕྱོགས་གང་སར་དམངས་གཙོའི་ལམ་ལུགས་དར་སྤེལ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཆེད་ལས་དོན་སྤེལ་མཁན་གྱི་ཨ་མི་རི་ཀའི་གཞུང་གི་ལས་བྱེད་པ་ཁག་ཅིག་ལའང་དཔལ་འབྱོར་གྱི་ཉེས་ཆད་བཀལ་བ་དེར་རྒྱུ་མཚན་ཡང་དག་གང་ཡང་མེད་ཅེས་དང་། རྒྱ་ནག་གཞུང་གིས་བྱ་སྤྱོད་སྤེལ་ཕྱོགས་དེ་དག་གིས་ང་ཚོའི་སེམས་ཤུགས་ཆགས་རྒྱུ་མིན་པ་དང་། ང་ཚོས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ཚོགས་མི་རྣམ་པ་དང་ཁོང་ཚོའི་ལས་བྱེད་པ་རྣམ་པར་མུ་མཐུད་དུ་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་གསུང་འདུག ད་དུང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་ནང་མི་རྣམས་བཙོན་འཇུག་དང་ཁོང་ཚོའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ཐོག་བཙན་དབང་གིས་དམ་དྲག་བྱེད་རྒྱུའི་མཚོན་རྒྱལ་མཚམས་དང་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་དེ་དག་མཚམས་འཇོག་བྱེད་དགོས་ཞེས་སླར་ཡང་འབོད་སྐུལ་གནང་ཡོད་པ་རེད།
གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།