ཨ་རིའི་ཐེ་ཝན་དང་འབྲེལ་བའི་ཁྲིམས་འཆར་ལ་རྒྱ་ནག་བློ་འཚབ་བྱུང་འདུག
2017.07.17
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཐེ་ཝན་སྲུང་སྐྱོབ་ཀྱི་ལས་དོན་དང་འབྲེལ་བའི་ཁྲིམས་འཆར་ལ་རྒྱ་ནག་བློ་འཚབ་བྱུང་འདུག
ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་ཐེ་ཝན་སྲུང་སྐྱོབ་ཀྱི་ལས་དོན་ལ་སོགས་པའི་ཐེ་ཝན་དང་ཨ་རི་དབར་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཁྲིམས་འཆར་ལ་བཀའ་འཁྲོལ་ཐོབ་པར་རྒྱ་ནག་བློ་འཚབ་བྱེད་བཞིན་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་ནས་ཐེ་ཝན་སྲུང་སྐྱོབ་ཀྱི་ལས་དོན་དང་། ཐེ་ཝན་ལ་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུའི་ལས་འཆར། དེ་བཞིན་ཐེ་ཝན་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་ལམ་དམ་ཟབ་ཏུ་གཏོང་རྒྱུ་ལ་སོགས་པའི་ཐེ་ཝན་དང་འབྲེལ་བའི་ལས་དོན་མང་པོའི་ཐོག་ཁྲིམས་འཆར་བཏོན་གནང་བ་དེ་དག་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་གྲོས་ཚོགས་ནས་བཀའ་འཁྲོལ་ཐོབ་པའི་རྗེས། འདི་ཚེས་༡༧་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ཐེ་ཝན་དེ་བཞིན་དུས་ནམ་ཡང་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་གླིང་ཕྲན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས་ཨ་མི་རི་ཀས་ཐེ་ཝན་དང་ལོགས་སུ་འབྲེལ་ལམ་བཙུགས་རྒྱུ་དེ་རྒྱ་ནག་གཅིག་གི་རྩ་དོན་དང་རྒྱབ་འགལ་བྱས་པ་ཞིག་ཡིན་པའི་ཐོག་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པ་རེད་ཅེས་དང་། གནད་དོན་དེའི་ཐད་རྒྱ་ནག་གཞུང་གིས་ཨ་རིའི་སྐུ་ཚབ་དང་ལྷན་དུ་བཀའ་མོལ་ཞུ་རྒྱུའི་གྲ་སྒྲིག་ཡིན་ཞེས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་(Lu Kang)ཡིས་རྒྱ་ནག་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་གསལ་སྟོན་བྱས་ཡོད་པ་རེད།
ཡང་Lu ཡིས་ཨ་མི་རི་ཀའི་གཞུང་གིས་དེ་ནི་རྒྱ་ནག་ལ་ཧ་ཅང་གི་གནོད་འཚེ་ཆེན་པོ་བཏང་གི་ཡོད་པའི་གནས་ཚུལ་གསལ་པོ་མཁྱེན་རྟོགས་ཡོད་པའི་ཐོག་ལས་ལག་ལེན་བསྟར་གནང་དགོས་པ་དང་། རྒྱ་ནག་གི་རྒྱབ་ལྗོངས་ལོ་རྒྱུས་ལ་ནུས་པ་མེད་པ་བཟོ་རྒྱུ་ཡོད་བ་མ་རེད་ལ་གནད་དོན་དེས་རྒྱ་ནག་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་ལམ་ལ་གནོད་འཚེ་ཡོང་རྒྱུ་ཡིན་པས་དེ་ལྟར་མི་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོན།