འོས་བསྡུའི་གོང་ཐའེ་ལྦན་དུ་ཡུལ་བསྐོར་འགྲོ་རྒྱུར་བཀག་སྡོམ།
2011.12.16
༄༅༎ཐའེ་ལྦན་ནང་སྲིད་འཛིན་འོས་བསྡུ་བྱེད་ལ་ཉེ་བའི་དུས་ཡུན་དེའི་རིང་རྒྱ་ནག་གཞུང་གིས་ཐའེ་ལྦན་ནང་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་སྐྱོད་བྱེད་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད་པ་རེད་བཞག
དེ་ཡང་ཐའེ་ལྦན་ཡུལ་སྐོར་འགྲིམས་འགྲུལ་ལས་ཁང་གི་དྲུང་ཆེ་རོའོ་ཇར་ཚུ་ཡིས་དེང་སྐབས་ཐེ་ཝན་ནང་སྲིད་འཛིན་འོས་བསྡུའི་ལས་འགུལ་སྤེལ་བཞིན་པའི་དུས་ཚོད་དེའི་རིང་རྒྱ་ནག་གཞུང་གིས་དོགས་ཟོན་ཆེན་པོས་ཐའེ་ལྦན་ནང་རྒྱ་མི་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་རྒྱུར་སྟངས་འཛིན་བཀག་སྡོམ་བྱེད་བཞིན་པར་ང་ཚོས་ཡ་མཚན་སྐྱེས་དགོས་པ་གང་ཡང་མི་འདུག་ཅེས་བརྗོད་འདུག ཡང་ཐའེ་ལྦན་ནང་རྟེན་གཞི་བྱས་པའི་ཡུལ་སྐོར་འགྲིམས་འགྲུལ་ལས་ཁང་གི་འགན་འཛིན་རུས་མིང་ལིའི་ཞུ་བས་རྒྱ་ནག་ནང་དུ་ཡོད་པའི་ཁོ་རང་གི་འགྲིམས་འགྲུལ་ཚོང་རོགས་ལས་ཁང་གིས་ཐའེ་ལྦན་ནང་འོས་བསྡུ་བྱེད་པའི་དུས་ཡུན་བདུན་ཕྲག་གཉིས་ཀྱི་གོང་ནས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཐའེ་ལྦན་ནང་འཛུལ་བཞུགས་བྱེད་རྒྱུ་བཀག་འགོག་བྱེད་དགོས་པའི་ནན་སྐུལ་བྱས་བྱུང་ཞེས་བརྗོད་འདུག དེའི་གནད་དོན་གཙོ་བོ་ནི་དེང་སྐབས་ཐའེ་ལྦན་ནང་སྲིད་འཛིན་འོས་བསྡུའི་ལས་འགུལ་སྤེལ་བཞིན་པ་དང་ ད་ལྟའི་ཐའེ་ལྦན་གཞུང་འཛིན་གོ་མིང་ཏང་ཚོགས་པ་དང་རྒྱ་ནག་སྐམ་ས་དབར་གྱི་འབྲེལ་ལམ་ལ་བརྟེན་གལ་ཏེ་སྲིད་འཛིན་འོས་བསྡུ་བྱེད་སའི་ས་ཐོག་ཏུ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མཐོང་བ་ཡིན་ན་ཕྱོགས་འགལ་ཚོགས་པའི་ངོས་ནས་རྒྱ་ནག་གིས་དེའི་ཐོག་ཐེ་བྱུང་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་བྱེད་སྲིད་པ་རེད་ཅེས་གོང་ཞུས་ཐའེ་ལྦན་ནང་རྟེན་གཞི་བྱས་པའི་ཡུལ་སྐོར་འགྲིམས་འགྲུལ་ལས་ཁང་གི་འགན་འཛིན་ལིའི་ཡིས་གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད་