༄༅། །རྒྱ་ནག་གི་དཔལ་འབྱོར་གནས་བབས་དང་ལྷག་པར་དུ་རྒྱ་ནག་གི་མ་གཤེར་ཁྲོམ་རྭའི་གནས་བབས་སྲ་བརྟན་མེད་པའི་གནས་ཚུལ་ཇི་སྙེད་གཅིག་བྱུང་རྗེས། ད་ཆ་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་གཞུང་གི་མ་དངུལ་སྲུང་སྐྱོབ་ལས་ཁང་གི་འགན་འཛིན་ཞའོ་ཀང༌(Xiao Gang)ལས་གནས་ནས་དགོངས་བོག་བཏང་འདུག།
ཤའོ་སྒང་ནི་ཁྲིམས་ཀྱི་མཁས་པ་ཞིག་ཡིན་ལ། ལོ་ངོ་བཅུ་ཕྲག་འགའ་ཤས་རིང་དཔལ་འབྱོར་ཚན་པའི་ནང་ལས་དོན་ཉམས་མྱོང་ཡོད་མཁན་ཤིག་ཀྱང་ཡིན་པ་རེད། འོན་ཀྱང་ཁོ་པ་ལས་གནས་ནས་དགོངས་བོག་བཏང་པ་དེས་གནས་སྐབས་རིང་མང་ཚོགས་ཀྱི་བལྟ་ཚུལ་ལ་འགྱུར་བ་འགྲོ་སྲིད་པ་ལས། ཆེ་ས་རྒྱ་ནག་གི་ཁྲོམ་རྭའི་གནས་སྟངས་ཀྱི་སྐྱོན་ཆ་ངོ་མ་དེ་དག་སེལ་རྒྱུར་ཕན་ཐོགས་འབྱུང་རྒྱུ་མིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ ཞའོ་ཀང་གི་ཚབ་ཏུ་རྒྱ་ནག་སོ་ནམ་དངུལ་ཁང་གི་འགན་འཛིན་དང་དེ་སྔོན་རྒྱ་ནག་དབུས་དངུལ་ཁང་གི་སྤྱི་ཁྱབ་གཞོན་པ་གནང་མྱོང་མཁན་ ལིའུ་ཤི་ཡུ་བསྐོ་བཞག་བྱས་ལུགས་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གནས་པའི་དཔལ་འབྱོར་དབྱེ་ཞིབ་པ་གྲགས་ཅན། ཤི་ཤུ་སིས་ ཞའོ་ཀང་དགོངས་བོག་བཏང་པར་སྙིང་རྗེ་རྒྱུ་གང་ཡང་མེད་ཀྱང་། ཁོ་པ་ནི་གཞུང་གི་སྲིད་ཇུས་རྩ་འཛིན་བྱ་མཁན་དང་ཁྲོམ་རའི་རང་བཞིན་ལ་རྒྱབ་སྐྱོར་བྱ་མཁན་གྱི་ཤོག་ཁག་གཉིས་དབར་ཚུད་དེ། ཤོག་ཁག་དེ་གཉིས་ཀྱིས་བཟོས་པའི་རྙོག་ཁྲ་དེ་སེལ་རྒྱུའི་འགན་དེ་ཞའོ་ཀང་གི་ཐོག་བབས་པ་ཞིག་རེད། ཁོ་པ་ལས་གནས་ནས་དགོངས་བོག་བཏང་པ་དེས་གྱོང་གུན་ཆེན་པོ་ཕོགས་པའི་མ་རྩ་འཛུགས་མཁན་ཚོར་གནས་སྐབས་སེམས་གསོ་འབྱུང་རྒྱུ་ཙམ་ལས་རྒྱ་ནག་གི་མ་དངུལ་གྱི་གནས་སྟངས་གཙང་མ་ཆགས་རྒྱུར་ཕན་ཐོགས་ཞིག་ཡོང་གི་མ་རེད་ཅེས་གསུངས་འདུག།
རྒྱ་ནག་གཞུང་ཕྱི་ལོ་ ༢༠༡༣ དང་ ༢༠༡༤ འི་ནང་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ནས་མ་རྐང་ཁྲོམ་རྭའི་ནང་མ་འཛུགས་བྱ་དགོས་པའི་དྲིལ་བསྒྲགས་དང་སྐུལ་མ་ཤུགས་ཆེ་བྱས་པ་ལྟར་མི་འབོར་ས་ཡ་མང་པོས་ཁྲོམ་རྭའི་ནང་མ་རྩ་བཞག་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་གཅིག་གི་ནང་ཚུད་རྒྱ་ནག་གི་མ་རྐང་ཁྲོམ་རྭའི་རིན་གོང་བརྒྱ་ཆ་ ༤༥ ཙམ་མར་ཟག་སྟེ་མ་རྩ་འཛུགས་མཁན་མི་ཚོར་གྱོང་གུན་ཆེན་པོ་ཕོགས་པའི་གནས་ཚུལ་བྱུང་ཡོད་པ་རེད།།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།