དཀོན་མཆོག་ལ་སྨོན་ལམ་དང་གསོལ་འདེབས་ཞུ་མ་ཆོག་པའི་ཉེན་བརྡ་བཏང་འདུག
2017.10.12
རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་གསར་ཤོག་གིས་དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་དཀོན་མཆོག་ལ་སྨོན་ལམ་དང་གསོལ་འདེབས་ཞུ་མ་ཆོག་པའི་ཉེན་བརྡ་བཏང་འདུག
དེ་ཡང་རྒྱ་ནག་གི་རྩ་ཁྲིམས་ནང་ཡེ་ཤུ་དང་། ནང་པ། ཁ་ཆེའི་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོར་ཆོས་དད་རང་དབང་ཡོད་ཁུལ་བརྗོད་ཡོད་ནའང་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་དཀོན་མཆོག་ཡོད་པར་ཁས་ལེན་བྱེད་ཆོག་གི་མེད་པ་མ་ཟད། ལྷག་པར་དུ་མོ་རྒྱབ་མཁན་ལ་ཡིད་ཆེས་བྱེད་པ་སོགས་རྨོངས་དད་ཀྱི་རིགས་རྩ་བ་ནས་བྱེད་ཆོག་གི་མེད་པ་རེད།
རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་ཐོག་དེ་རིང་དཔྱད་གཏམ་ཞིག་སྤེལ་ཡོད་པའི་ནང་། འདས་པའི་ལོ་ཤས་ནང་། དམར་ཤོག་ཚོགས་པའི་དཔོན་རིགས་ཁག་ཅིག་གིས། ཞིང་བྲན་རིང་ལུགས་སྐབས་ཀྱི་རྨོངས་དད་ཀྱི་བྱ་བར་ཞུགས་ནས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཕོག་སྟེ་ལས་ཀའི་གོ་གནས་ནས་གནས་དབྱུངས་བཏང་བའི་གནས་ཚུལ་བྱུང་ཡོད་པ་ནི་སྤྱིར་བཏང་་ཞིག་མ་རེད་ཅེས་བཀོད་འདུག
དཔོན་རིགས་འགའ་ཤས་དཀོན་མཆོག་ལ་སྨོན་ལམ་དང་སངས་རྒྱས་ལ་གསོལ་འདེབས་ཞུ་ཕྱིར་དགོན་པར་ཡང་སེ་ཕྱིན་ཡོད་པ་དང་། དེའི་ནང་ནས་དཔོན་རིགས་ཁག་ཅིག་གིས་དགོན་པའི་བླ་མ་དང་དཔུང་པ་མཉམ་བརྡར་གྱིས་སྤུན་མཆེད་ཡིན་ཁུལ་གྱི་འདུ་ཤེས་འཛིན་པའི་ཐོག་ནས་བླ་མའི་གཡོག་པོ་དང་། དཔལ་འབྱོར་གྱི་རྒྱབ་བརྟེན་ཆགས་ཡོད་པ་རེད་ཅེས་གོང་ཞུས་རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་དེའི་ནང་དཔྱད་རྩོམ་སྤེལ་འདུག
རྒྱ་ནག་མི་མང་སྤྱི་དང་ལྷག་པར་དུ་རྒྱ་ནག་གི་འགོ་ཁྲིད་ཚོས། རང་ཉིད་ཀྱི་མི་ཚེའི་ནང་དོགས་པ་དང་དཀའ་ངལ་ཡོད་པའི་སྐབས་སུ་མོ་ལུང་ལ་ཡིད་ཆེས་ཆེན་པོ་བྱེད་པའི་ལོ་རྒྱུས་རིང་པོ་ཡོད་ནའང་། ༢༠༡༢་ལོར་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་དཔོན་རིགས་ནང་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུའི་ལས་འགུལ་ཤུགས་ཆེ་སྤེལ་བའི་རིང་མཐོ་རིམ་འགོ་ཁྲིད་མང་པོ་བཙོན་འཇུག་བྱས་པ་སོགས་བྱུང་ཡོད་སྟབས་ཞི་ཅིང་ཕིང་གྱིས་གཞུང་སྲིད་འཛིན་པའི་ད་ལྟའི་དུས་ཚོད་དེར་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཆོས་ལ་དད་པ་བྱེད་ཡག་དེ་ཉེན་ཚབས་ཅན་གྱི་གནད་དོན་ལ་རྩིས་བཞིན་ཡོད་པ་རེད།
ལྷག་པར་དུ་ཞི་ཅིང་ཕིང་གི་ཆོས་ལུགས་ཐོག་དམ་བསྒྲགས་ཆེ་བའི་སྲིད་བྱུས་འོག་བོད་ཁུལ་བོད་རིགས་ལས་བྱེད་པ་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་ནང་མཉམ་ཞུགས་བྱེད་ཆོག་གི་མེད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ་དང་བོད་རྒྱལ།