རྒྱ་ནག་གིས་དམག་སྟོན་རུ་སྒྲིག་ཆེན་པོ་ཞིག་བྱེད་འཆར་འདུག
2015.03.04

རྒྱ་ནག་གིས་དམག་སྟོན་རུ་སྒྲིག་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་དབུ་ཁྲིད་ཚོར་མགྲོན་བརྡ་གཏོང་རྒྱུ་ཡིན་པ་བཤད་འདུག
དེ་ཡང་རྒྱ་ནག་གཞུང་གིས་ད་ལོ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་མི་ལོ་༧༠ སོང་བའི་དུས་ཚིགས་མཚོན་ཕྱིར། དམག་མིའི་རུ་སྒྲིགས་ཆེན་པོ་ཞིག་འགྲེམས་སྟོན་བྱ་རྒྱུ་དང་ སྐབས་དེར་གཙོ་བོ་ཉི་ཧོིང་ལ་དམིགས་ཏེ་དམག་ཆེན་གཉིས་པ་མཚམས་འཇོིག་བྱ་རྒྱུར་ལེགས་སྐྱེས་འཇོག་རྒྱུར་མཉམ་མཞུགས་བྱ་མཁན་འཛམ་གླིང་གི་རྒྱལ་ཁབ་མང་པོའི་དབུ་ཁྲིད་ཚོར་མགྲོན་བརྡ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད། དམག་མིའི་རུ་སྒྲིགས་གཙོས་པའི་དེ་མིན་གྱི་་དམག་ཆེན་གཉིས་པ་མཇུག་སྒྲིལ་མཚོན་པའི་བྱེད་སྒོིའི་ལས་རིམ་ཁག་རྒྱ་ནག་གི་སྲིད་འཛིན་ ཞི་ཅིན་ཕེན་ཉིད་ཀྱིས་གཟིགས་རྟོགས་གནང་རྒྱུ་ཡིན་པ་དང་། གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་བྱས་གསལ་ལྟར་ན། གདན་འདྲེན་ཞུས་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་ཕྱི་དྲོ་གསོལ་སྟོན་ཞིག་ཀྱང་བཤམས་རྒྱུ་ཡིན་པ་རེད། དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་དུས་ཚིགས་ཐད་རྒྱ་ནག་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མགྲོན་བརྡ་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་ནང་འཁོད་ཡོད་པ་རེད། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Hua Chunyingགྱིས་གསལ་ཁ་མ་བཏོན་ཀྱང་། དམག་ཆེན་གཉིས་པ་དང་འབྲེལ་བ་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་མགྲོན་བརྡ་གཏོང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད། ཕྱི་སྲིད་ལྷན་ཁང་གིས་སྤེལ་བའི་གསལ་བསྒྲགས་དེའི་ནང་། དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་དམག་མིའི་རུ་སྒྲིགས་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་དང་། འཇོན་ཐང་། ཆོད་སེམས་བརྟན་པོ་ཡོད་པ་འཛམ་གླིང་གི་མི་མང་གི་མདུན་ལ་འགྲེམས་སྟོན་བྱ་རྒྱུ་དེ་རེད་ཞེས་བཀོད་ཡོད་པ་རེད།
གསར་འགོད་པ་འབེན་པ་སྟོབས་རྒྱལ།