༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་བོད་ནང་དམ་དྲགས་ཞིབ་བཤེར་ཆེ་རུ་བཏང་ཡོད་འདུག

མགོ་ལོག་རྨ་སྟོད་རྫོང་དུ་དྲིལ་བསྒྲགས་དང་ཞིབ་བཤེར་བྱེད་བཞིན་པ།
མགོ་ལོག་རྨ་སྟོད་རྫོང་དུ་དྲིལ་བསྒྲགས་དང་ཞིབ་བཤེར་བྱེད་བཞིན་པ། (Weibo)

0:00 / 0:00

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་༧་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དང་མཚོ་སྔོན་མགོ་ལོག་ཁུལ་གྱི་རྫོང་ཁག་དང་། དེ་བཞིན་ལི་ཐང་དང་དཀར་མཛེས་སོགས་སུ་མི་མང་ལ་དུས་ངེས་མེད་དུ་ཚོགས་འདུ་འདྲ་མིན་འཚོགས་ནས་རྒྱ་ནག་གི་ཆབ་སྲིད་སློབ་གསོ་དྲིལ་བསྒྲགས་དང་། ས་གནས་ཁག་མང་པོའི་ནང་ཞིབ་བཤེར་ས་ཚིགས་མང་པོ་ཆེད་དུ་བཟོས་ཏེ་འགྲོ་སྐྱོད་བྱེད་མཁན་ཚོར་ཞིབ་བཤེར་དང་། ཆེད་གཉེར་ལྟ་རྟོག་མི་སྣ་ཟེར་བ་ཆེད་འཛུགས་ཀྱིས་ཁྱིམ་ཚང་གི་ནང་དུ་སོ་ཉུལ་ལྟ་རྟོགས་བྱེད་བཞིན་ཡོད་སྐོར། བོད་ནང་གི་བོད་མི་ཁག་ཅིག་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་ལོ་ལྟར་བཞིན་དང་སྐུའི་འཁྲུངས་སྐར་གྱི་དུས་ཚིགས་དང་འབྲེལ་ནམ་རྒྱུན་ལྟར་དམ་དྲག་ཡོད་པ་རེད་ལ། ད་ལྟའི་ཆར་ལྷ་ས་ཁུལ་དུ་ཉིན་ཤས་གོང་ནས་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་དུ་མཆོད་མཇལ་བྱེད་པར། ཉིན་རེར་ཚོད་འཛིན་བྱས་ཏེ་མི་མང་ཕོན་ཆེན་པོ་འདུ་འཛོམས་རིགས་བྱེད་བཅུག་གི་མེད་སྐོར་བརྗོད་སོང་ལ། ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས་མགོ་ལོག་ཁུལ་ཡོངས་སུ་མི་མང་ལ་ཚོགས་འདུ་འདྲ་མིན་ཚོགས་ཏེ། ཁ་པར་དང་དྲ་ལམ་ཁག་ཏུ་གང་བྱུང་བྱེད་མི་ཆོག་པ་དང་མི་སྒེར་གྱི་གནས་ཚུལ་ཚང་མ་སྲིད་གཞུང་ལ་ཡོད་པ་སོགས་ཀྱི་ཉེན་བརྡ་གཏོང་གི་ཡོད་སྐོར་བརྗོད་བྱུང་།

ལོ་ལྟར་རྒྱ་ནག་གཞུང་གིས་སྐུའི་འཁྲུངས་སྐར་དང་བསྟུན་བོད་ནང་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་རེད་ལ། ཕྱི་ལོ་༢༠༢༡ལོའི་འཁྲུངས་སྐར་དང་བསྟུན་ལི་ཐང་དུ་འཁྲུངས་སྐར་སྲུང་བརྩི་བྱས་སྐོར་བརྗོད་དེ་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་བཞིན། འདི་ལོ་ལི་ཐང་དང་ཉག་ཆུ་ཕྱོགས་སུ་ས་གནས་ཁག་མི་འདྲ་བ་མང་པོར་ཞིབ་བཤེར་ས་ཚིགས་བཟོས་ཏེ་ཡུལ་མི་ཚོས་འགྲོ་སྐྱོད་ལ་དམ་དྲག་ཞིབ་བཤེར་དང་། དེ་བཞིན་གྲོང་སྡེ་ཁག་ཏུ་ཆེད་བསྐོས་མི་སྣ་ཚོས་ལྟ་རྟོགས་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་རང་ཁྱིམ་དང་ཁ་པར་སོགས་ཀྱི་ནང་༧གོང་ས་མཆོག་གི་སྐུ་པར་ཉར་བ་ཡིན་ན་ཉེན་ཁར་འཕྲད་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་ཟླ་འདིའི་ཕྱི་ཚེས་༣ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པའི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་ཟེར་བས།བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས་ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་འདིང་དགོས་པ་ལས་དོན་མཐའ་དག་གི་གཙོ་གནད་ཡིན་སྐོར་བརྗོད་ཡོད་འདུག་ལ། བོད་ཀྱི་ཞི་བའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་སོགས་ནི་རྒྱ་ནག་གཞུང་གིས་གཞུང་འབྲེལ་གྱིས་དམ་དྲག་དང་དོ་སྣང་བྱེད་ཡུལ་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།