རྒྱ་ནག་གཞུང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་རྩ་འཛུགས་ཁག་ལ་དམ་དྲག་སྟངས་འཛིན་ནན་མོ་བྱེད་བཞིན་འདུག
དེ་ཡང་ཉེ་ལམ་རྒྱ་ནག་དམངས་སྲིད་ལྷན་ཁང་གིས་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་ཟེར་བའི་མིང་ཐོ་སྐོར་ཞིག་སྤྱི་བསྒྲགས་བྱས་ཡོད་པ་དང་། དེའི་ཁོངས་སུ་མཐུན་ཚོགས་དང་ཚོགས་པ་རྩ་འཛུགས་ ༢༥༣ ཚུད་ཡོད་ཅིང་། མཐུན་ཚོགས་དང་ཚོགས་པ་རྩ་འཛུགས་དེ་དག་གིས་རྒྱ་ནག་དམངས་སྲིད་ཚན་པར་ཐོ་འགོད་མེད་པར་རང་དགར་དུ་སྤྱི་ཚོགས་རྩ་འཛུགས་ཀྱི་མིང་ཐོག་ནས་བྱེད་སྒོ་སྤེལ་གྱིན་ཡོད་པར་བསྙད་ནས་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་སུ་ངོས་འཛིན་བྱས་ནས་ཐེར་འདོན་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་རྩ་འཛུགས་ལ་སྟངས་འཛིན་ནན་མོ་བྱས་དང་བྱེད་ཀྱིན་པའི་ཐད་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཏུ་ཚུགས་པའི་དམངས་ཁྲོད་རྩ་འཛུགས་མི་སེར་སྟོབས་ཤུགས་གསར་འཛུགས་མཁན་སྐུ་ཞབས་ཡང་ཅན་ལེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་སྐབས་གསུངས་དོན། རྒྱ་ནག་ཏུ་མཐུན་ཚོགས་ཀྱི་མིང་བྱང་འོག་མགོ་གཡོག་མགོ་སྐོར་གྱི་ལས་དག་སྤེལ་པའི་ཁྲིམས་འགལ་རིགས་ཡོད་པ་བདེན་མོད། འོན་ཀྱང་། རྒྱ་ནག་གིས་ཁེ་གཉེར་མ་ཡིན་པའི་རྩ་འཛུགས་རིགས་ལ་སྟངས་འཛིན་ཧ་ཅང་ནན་མོ་བྱས་ཡོད་པས། སྤྱི་ཚོགས་ཀུན་ཕན་གྱི་བྱེད་སྒོ་སྤེལ་འདོད་ཡོད་པའི་མི་རྣམས་ཀྱིས་གཞུང་འབྲེལ་མ་ཡིན་པའི་རྩ་འཛུགས་ཤིག་གི་མིང་ཐོག་ནས་ཐོ་འགོད་བྱེད་ཐབས་མེད་པར་བརྟེན། མཐུན་ཚོགས་ཀྱི་མིང་བྱང་འོག་ལས་ཁང་སྤྱིར་བཏང་བ་ཞིག་མི་འཛུགས་རང་འཛུགས་ཆགས་ཡོད། དེ་འདྲའི་ལས་ཁང་དཀྱུས་མ་ཞིག་གིས་དཔལ་འབྱོར་བསྡུ་རུབ་དང་བྱེད་སྒོ་རིགས་སྤེལ་རྒྱུར་ཡང་བཀག་རྒྱ་རབ་དང་རིམ་པ་ཡོད། དེ་ལྟ་ན་གཞུང་གིས་དཔྱ་ཁྲལ་བསྡུ་སྟངས་སོགས་ལ་ཁ་གཡར་ནས་རྡུང་རྡེག་བཏང་ཆོག་པས། དེའི་ཐད་ནས་བཤད་ན་རྒྱ་ནག་གཞུང་གིས་མི་སེར་སྤྱི་ཚོགས་ལ་རྡུང་རྡེག་དང་སྟངས་འཛིན་ནན་མོ་བྱེད་ཀྱིན་པ་གསལ་བོར་ཤེས་ཐུབ་ཞེས་བརྗོད་འདུག
ཉེ་བའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་རོགས་སྐྱོར་དང་རྒྱབ་ལྗོངས་ཅན་གྱི་ཁེ་གཉེར་མ་ཡིན་པའི་ཚོགས་པ་རྩ་འཛུགས་ཁག་ལ་སྟངས་འཛིན་ནན་མོ་བྱས་ཤིང་། ད་ལྟ་རྒྱ་ནག་རང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་རྩ་འཛུགས་དག་ལ་སྟངས་འཛིན་ནན་མོ་བྱེད་མགོ་ཚུགས་པ་རེད་ཅེས་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་འདུག
གསར་འགོད་པ་སྟག་ལྷ་རྒྱལ།