བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གིས་འོད་གསོག་གློག་གཏོང་མ་ལག་ཆེ་ཤོས་སྒོ་འབྱེད་བྱས་པ་དེ་རྒྱ་ནག་དང་རྒྱ་རིགས་ཚོང་པའི་ཁེ་ཕན་ཆེད་དམིགས་པ་ཡིན་སྐོར་ཉམས་ཞིབ་པས་གསུང་གི་འདུག

2025.03.31
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གིས་འོད་གསོག་གློག་གཏོང་མ་ལག་ཆེ་ཤོས་སྒོ་འབྱེད་བྱས་པ་དེ་རྒྱ་ནག་དང་རྒྱ་རིགས་ཚོང་པའི་ཁེ་ཕན་ཆེད་དམིགས་པ་ཡིན་སྐོར་ཉམས་ཞིབ་པས་གསུང་གི་འདུག ཟླ་ ༣ ཚེས་ ༢༩ ནས་ལྷོ་ཁ་གྲོང་ཁྱེར་གྱི་ཆུ་གསུམ་རྫོང་དུ་འཛུགས་སྐྲུན་བྱས་པའི་ཉི་འོད་གློག་གསོག་མ་ལག་བཀོལ་སྤྱོད་གཏོང་འགོ་བཙུགས་ཤིང་། དེས་གློག་ཚད་ཀི་ལོ་ཝ་ཊི་༢༥༠༠༠༠མཁོ་འདོན་ཐུབ་པས་བོད་ནང་གི་ཉི་འོད་གློག་གསོག་མ་ལག་ཆེ་ཤོས་སུ་གྱུར།
Chinese State Media

བོད་རང་སྐྱོང་ལྗོངས་ཞེས་པའི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སྐྱ་བ་གྲོང་ཚོར་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཧྭ་ནེང་ཞེས་པའི་ནུས་གསོག་བཟོ་ལས་ཁང་གིས་འོད་གསོག་གློག་གཏོང་མ་ལག་ཆེ་ཤོས་འཛུགས་སྐྲུན་དང་སྦྲགས། གློག་གསོག་མ་ལག་དེ་ཉིད་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཆེ་ཤོས་དེ་ཡིན་པ་མ་ཟད། དེས་ས་གནས་ཀྱི་གློག་ཤུགས་མཁོ་སྤྲོད་ཆེ་རུ་གཏོང་གི་ཡོད་སྐོར་བསྒྲགས་པར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་དང་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གིས་ཕྱི་ལ་རྣམ་པ་མཛེས་པོའི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་ཡིན་སྐོར་བསྒྲགས་ནའང་། གློག་གི་ཐོན་སྐྱེད་དེ་དག་གི་ཁེ་ཕན་གཙོ་བོ་རྒྱ་མི་དང་། རྒྱ་ནག་གཞུང་འབྲེལ་བཟོ་ཚོང་ཁང་ཁག་ལ་ཡོད་པ་ལས། ས་གནས་བོད་མིར་མེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༢༩ ཉིན་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཧཱ་ནེང་ནུས་གསོག་བཟོ་སྐྲུན་ཁང་གིས་བོད་རང་སྐྱོང་ལྗོངས་ཞེས་པའི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སྐྱ་བ་གྲོང་ཚོ་རུ་འཛུགས་སྐྲུན་བྱས་པའི་འོད་གསོག་གློག་གཏོང་འཕྲུག་རིག་ཆེ་ཤོས་ཧྭ་ནེང་སྐྱ་བ་རིམ་པ་དང་པོ་ཞེས་པས་དྲ་དྲ་བ་བསྒྲེས་ནས་གློག་བཏང་སྟེ། ས་གནས་སུ་གློག་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། མ་ལག་དེས་མཚན་ལ་ཆུ་ཚོད་བཞི་བསྟུད་མར་གློག་ཀི་ལོ་བ་ཊི་༢༠༠༠༠༠ ཕྱིར་གཏོང་གིས་ས་གནས་ཀྱི་གློག་ཤུགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ཡོད་སྐོར་བསྒྲགས་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཁོར་ཡུག་ལ་བདག་གཅེས་ཡིན་ཁུལ་གྱི་ཆུ་དང་ཉི་གློག་གི་ནུས་པ་གསོག་སྒྲུབ་ལས་གཞི་སྤེལ་བཞིན་ཡོད་ནའང་། ཆུ་དང་ཉི་གློག་བཟོ་སྐྲུན་ལས་གཞི་དེ་རང་གི་ཆེད་དུ་བོད་ནང་གཏེར་ཁ་སྔོག་འདོན་ཆེ་རུ་བཏང་ནས་བོད་ཀྱི་རང་འབྱུང་ཁོར་ཡུག་ལ་གནོད་སྐྱོན་གཏོང་གི་ཡོད་པ་མ་ཟད། ལས་གཞི་དེའི་ཁེ་ཕན་གཙོ་བོ་རྒྱ་ནག་གི་གྲོང་ཁྱེར་དང་། རྒྱ་རིགས་ཚོང་པ་ཚོར་རག་གི་ཡོད་པ་ནན་བརྗོད་གནང་བྱུང་།

WhatsApp Image 2025-03-31 at 22.31.44_642b96fd.jpg
ཟླ་ ༣ ཚེས་ ༢༩ ནས་ལྷོ་ཁ་གྲོང་ཁྱེར་གྱི་ཆུ་གསུམ་རྫོང་དུ་འཛུགས་སྐྲུན་བྱས་པའི་ཉི་འོད་གློག་གསོག་མ་ལག་བཀོལ་སྤྱོད་གཏོང་འགོ་བཙུགས་ཤིང་། དེས་གློག་ཚད་ཀི་ལོ་ཝ་ཊི་༢༥༠༠༠༠མཁོ་འདོན་ཐུབ་པས་བོད་ནང་གི་ཉི་འོད་གློག་གསོག་མ་ལག་ཆེ་ཤོས་སུ་གྱུར། (Source: Chinese state media)

ཧྭ་ནེང་བཟོ་ལས་ཁང་གི་སྐྱ་བ་འོད་གསོག་མ་ལག་ཐོན་རིམ་དང་པོའི་ལས་འཆར་འགན་འཛིན་ལི་ཡོང་གིས་ལས་གཞི་དེ་ལག་བསྟར་བྱེད་འགོ་བཙུགས་རྗེས་ལོ་རེར་གློག་ཤུགས་ཚད་ཀི་ལོ་ཝ་ཊི་(kWh)ས་ཡ་ ༣༧༠ མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གློག་གི་དགོས་མཁོ་ཆེ་བའི་སྐབས་སུ་གློག་ཤུགས་སྤེལ་བར་ཕན་ཐོགས་པ་མ་ཟད། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཆེད་ནུས་པ་གཙང་མའི་གློག་མཁོ་སྤྲོད་བྱ་ཐུབ་ཚུལ་བསྒྲགས་འདུག

སྤྱིར་ཆུ་དང་ཉི་མར་བརྟེན་ནས་བྱུང་བའི་གློག་དེ་ཁོར་ཡུག་སྲུང་སྐྱོབ་ལ་ཕན་གྱི་ཡོད་སྐོར་ཤོད་ཀྱི་ཡོད་ནའང་། ཆུ་དང་ཉི་མའི་གློག་ནུས་བཟོ་སྐྲུན་ཆེད་ལི་ཐེམ་ལྟ་བུའི་རྫས་རིགས་དགོས་མཁོ་ཆེ་བས། དེའི་དོན་དུ་རྒྱ་ནག་གིས་བོད་ནང་གཏེར་ཁ་སྔོག་འདོན་ཤུགས་ཆེ་རུ་གཏོང་དུས་རང་བཞིན་གྱིས་བོད་ཀྱི་རང་འབྱུང་ཁོར་ཡུག་ལ་གནོད་སྐྱོན་ཕོག་གི་ཡོད་པ་མངོན་གསལ་ཡིན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་མུ་མཐུད་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞི་རྩའི་རྒྱ་ནག་གཞུང་གིས་ཁོར་ཡུག་ལ་མི་གནོད་པའི་གློག་གི་ནུས་པ་གོང་སྤེལ་གཏོང་གཏོང་ཆེད་བོད་ཐེ་བའི་རྒྱ་ནག་ནང་ལས་གཞི་གཞི་རྒྱ་ཆེ་བ་སྤེལ་བཞིན་ཡོད་ནའང་། ལས་གཞི་དེའི་ཆེད་དུ་དགོས་མཁོ་ཆེ་བའི་རང་འབྱུང་ཐོན་རྫས་ཆེད་བོད་ནང་གཏེར་ཁ་སྔོག་འདོན་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བཏང་ཡོད་པ་བོད་དོན་དང་ཁོར་ཡུག་ལས་འགུལ་བ་མང་པོས་སྐྱོན་བརྗོད་བྱས་དང་བྱེད་བཞིན་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎