ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཞེས་བར་སྐྱོན་བརྗོད།

ལྷ་སར་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཞེས་བ་ཚོཊ་སྐབས། ༢༠༡༦།༧།༩
ལྷ་སར་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཞེས་བ་ཚོཊ་སྐབས། ༢༠༡༦།༧།༩ (vtibet)

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་ནས་བོད་ནང་ཡར་རྒྱས་གཏོང་རྒྱུའི་ལས་གཞིར་ཕྱིའི་ཡུལ་གྲུའི་སྐུ་ཚབ་ནས་ཀྱང་རྒྱབ་སྐྱོར་ཡོད་ལུགས་འཁོད་པའི་གྲོས་མཐུན་ལ་སྐྱོན་བརྗོད་གནང་ཡོད་འདུག
དེ་ཡང་ཕྱི་ཟླ་བདུན་པའི་ཚེས་བརྒྱད་དང་དགུ་ཉིན་གྲངས་གཉིས་རིང་རྒྱ་ནག་གཞུང་ནས་རྒྱལ་ས་ལྷ་སའི་ནང་། བོད་ནང་ཡར་རྒྱས་གཏོང་རྒྱུའི་གླེང་སྟེགས་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་བའི་ནང་། ཕྱི་རྒྱལ་ཡུལ་གྲུ་ཁག་༣༠་ཙམ་ནས་སྐུ་ཚབ་ ༡༣༠་ཙམ་མཉམ་ཞུགས་བྱས་ཡོད་འདུག ཡང་གོང་ཞུས་ཚོགས་འདུའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་བཀོད་ཐོན་བྱུང་བ་ཞིག་ཕ་རན་སིའི་གསར་ལས་ཁང་ནས་ལུང་འདྲེན་བྱས་པར་ལྟར་ན། དེ་སྔ་ཕྱི་ལོ་༡༩༥༡་ལོར་རྒྱ་ནག་གིས་བོད་ནང་བཅིངས་བཀྲོལ་བཏང་ནས་བྲན་གཡོག་རིང་ལུགས་རྩ་མེད་བཟོས་ཡོད་རེད་ལ་ཚོགས་འདུ་འདིའི་ཐོག་ནས་ཀྱང་བོད་ནང་རིག་གཞུང་གཅེས་འཛིན་བྱེད་པའི་ཐོག་ནས་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་མང་མོས་གྲོས་མཐུན་བྱུང་ཡོད་ལུགས་བཀོད་ཡོད་འདུག འོན་ཀྱང་བོད་མི་ཚོས་རྒྱ་ནག་གཞུང་ནས་གྲངས་ཉུང་མི་རིགས་བོད་མི་ཚོའི་ཆོས་དང་རིག་གཞུང་ལ་བརྩི་མེད་རྡོག་རོལ་བཏང་བ་དང་། བོད་ནང་རྒྱ་ནག་གཞུང་ནས་ཡར་རྒྱས་གཏོང་གི་ཡོད་ལུགས་བཤད་པ་དེའི་ཁེ་ཕན་གཙོ་བོ་རྒྱ་མི་རིགས་ཚོར་ཐོབ་ཀྱི་ཡོད་པ་ལས་ས་གནས་བོད་མི་ཚོར་ཕན་ཐོགས་དེ་ཙམ་མེད་པའི་ཁར་བོད་ཀྱི་རང་འབྱུང་ཁོར་ཡུག་ལ་གནོད་ཚབས་བཟོ་གི་ཡོད་ལུགས་སྐྱོན་བརྗོད་བྱེད་བཞིན་ཡོད་རེད་ལ། ད་བར་རྒྱ་ནག་གཞུང་གི་སྡུག་སྦྱོང་འོག་བོད་མི་༡༤༠་ལྷག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་ཡོད་རེད།
ཡང་ཉེ་ཆར་མཇུག་སྒྲིལ་བའི་ལྷ་སའི་ཚོགས་འདུའི་གནད་དོན་ཐོག་འདི་ག་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཁ་ས་སྤྱི་བསྒྲགས་སྤེལ་བའི་ནང་། འདི་ལྟའི་རྒྱལ་སྤྱིའི་གླེང་སྟེགས་བསྐོངས་ཚོགས་བྱས་པ་དེ་ནི་བོད་ནང་རྒྱ་ནག་གཞུང་ནས་ཆབ་སྲིད་དང་ཁོར་ཡུག་ལ་དོ་ཕོག་གཏོང་གི་ཡོད་པའི་བྱ་སྤྱོད་གཡོལ་ཐབས་བྱེད་པ་ཞིག་རེད། རྒྱ་ནག་གཞུང་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཚབ་ཏུ་བོད་ཀྱི་ཆུ་བོ་རྒྱུགས་ཡུལ་གང་སར་ཆུ་རག་རྒྱབ་པ་དང་། གསེར་དངུལ་སོགས་ཀྱི་གཏེར་ཁ་བསྔོགས་འདོན་ཚད་ལས་བརྒལ་བ་བྱེད་ཀྱི་ཡོད་རེད། བོད་ནང་ད་ལྟའང་ཆབ་སྲིད་བཙོན་པ་བརྒྱ་ཕྲག་མང་པོ་བཙོན་ཁང་ནང་ཡོད་རེད། གནས་སྟངས་འདི་ལྟ་བུའི་འོག་ཕྱིའི་ཡུལ་གྲུའི་སྐུ་ཚབ་ཚོ་རྒྱ་ནག་གི་བཀྲོག་གཏམ་ལ་མགོ་བོ་འཁོར་ནས་འཆར་གཞིར་རྒྱབ་སྐྱོར་མོས་མཐུན་བྱས་པ་ནི་བློ་འཚབ་དང་ཧང་སང་དགོས་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།