རྒྱ་ནག་གི་འཛུགས་སྐྲུན་འཕེལ་རྒྱས་ཟེར་བ་དེས་བོད་ནང་གི་བོད་མི་ཚོར་གནད་ལ་འཁེལ་བའི་ཕན་ཐོགས་མེད་པ་བརྗོད་འདུག
༢༠༡༦་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཟེར་བ་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་བསྐོང་འཚོགས་གནང་ནས་སྤྱི་ཟླ་༧་ཕྱི་ཚེས་བརྒྱད་ཉིན་མཇུག་སྒྲིལ་ཡོད་པ་རེད། དེའི་ཐད་བོད་རང་དབང་ཚོགས་པའི་Free Tibet་ཞེས་བའི་ཚོགས་གཙོ་Eleanor Byne Rosengren་ཡིས། རྒྱ་ནག་གཞུང་གིས་ད་རེས་བོད་ནང་༢༠༡༦་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཟེར་བའི་ཚོགས་འདུ་དེ་བརྒྱུད་རྒྱ་ནག་གཞུང་གི་སྲིད་བྱུས་དྲིལ་བསྒྲགས་ཤུགས་ཆེ་བྱས་འདུག་ཀྱང་དོན་དངོས་ཐོག་རྒྱ་ནག་གི་འཛུགས་སྐྲུན་ཟེར་བ་དེས་བོད་ནང་གི་བོད་པ་ཚོར་གནད་ལ་འཁེལ་བའི་ཕན་ཐོགས་མེད་པའི་ཁར་རྒྱ་ནག་ནས་བོད་དུ་ཡོང་མཁན་རྒྱ་མི་ཚོར་དཔལ་འབྱོར་ཁེ་ཕན་ཆེན་པོ་བསྐྲུན་བཞིན་ཡོད་ལུགས་གསུང་འདུག ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གལ་སྲིད་རྒྱ་ནག་གཞུང་གི་ཤོད་བཞིན་པའི་སྐད་ཆ་དེ་ཚོ་བདེན་པ་ཡིན་ན་ཕྱི་ཕྱོགས་ཀྱི་གསར་འགོད་པ་ཚོ་བོད་ནང་རང་དབང་ཐོག་གནས་ཚུལ་བཀོད་པར་འགྲོ་རྒྱུར་བཀག་བསྡོམས་བྱས་པའི་རྒྱུ་མཚན་ཅི་ཡིན་སོགས་གསུང་འདུག
ལྷ་ས་གྲོང་ཁྱེར་གྱི་དྲུང་ཆེ་ཆེ་དགྲ་ལྷ་དང་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱུན་ལས་ཚོགས་མི་དང་། རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་གཞོན་པ། དེ་བཞིན་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་ལྷན་ཁང་གི་ཚོགས་གཙོ་ཅང་ཅེ་སོགས་ཀྱིས་མཇུག་སྒྲིལ་མཛད་སྒོར་ཕེབས་པ་དང་གཏམ་བཤད་བྱས་ཡོད་པའི་སྐོར་འཁོད་འདུག
ཅང་ཅེ་ཡིས་བརྗོད་པར་ད་རེས་ཀྱི་གླེངས་སྟེགས་དེ་བརྒྱུད་དེ་བོད་ཀྱི་འཛུགས་བསྐྲུན་ཡར་རྒྱས་དང་དགོངས་ཚུལ་བརྗེ་ལེན། ལྷག་པར་དུ་བོད་ནང་ཡུལ་བསྐོར་སྤྲོ་འཆམ་དང་བོད་སྨན་སོགས་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་ལུགས་བརྗོད་པ་བཀོད་འདུག
ཕྱི་ཚེས་དགུ་ཉིན་བོད་ལྗོངས་བརྙན་འཕྲིན་གྱི་གསར་འགྱུར་ཐོག་རྒྱལ་ཁབ་དང་ས་ཁུལ་༣༠་ལྷག་ཙམ་ནས་ཕེབས་པའི་ཆེད་ལས་མཁས་པ་རྣམས་ཀྱིས་ས་ཡུལ་དངོས་ལ་གཟིགས་སྐོར་གནང་ཏེ་མྱོང་ཚོར་གླེང་པ་དང་། བོད་ཀྱི་འཕེལ་རྒྱས་ཐད་ཤེས་རྟོགས་སྔར་ལས་ཟབ་པ་ཐོབ་ཡོད་ལུགས་བརྗོད་འདུག
གསར་འགོད་པ་ཚེ་བརྟན་རྡོ་རྗེ།
ལྷ་སར་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཞེས་བ་ཚོཊ་པ།
