རྒྱ་ནག་གིས་བོད་ནང་གནམ་ཐང་དང་རྨང་གཞིའི་འཛུགས་བསྐྲུན་བྱེད་བཞིན་པ་དག་ནི་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཆགས་ཡོད་ཟེར།
དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་གནམ་ཐང་དང་། རྨང་གཞིའི་འཛུགས་བསྐྲུན་འཕེལ་རྒྱས་ཆེན་པོ་གཏོང་བཞིན་ཡོད་པ་དེ་དག་ནི་རྒྱ་གར་གྱི་བདེ་འཇགས་གནས་བབ་ཐད་འབྲེལ་བ་ཆགས་ཡོད་པ་རྒྱ་གར་དང་། རྒྱ་ནག བོད་བཅས་ཀྱི་གནད་དོན་ཉམས་ཞིབ་པ་སྐུ་ཞབས་ Claude Apri་སྤེལ་བའི་དཔྱད་རྩོམ་ཞིག་གི་ནང་གསུངས་འདུག ཁོང་གི་རྩོམ་ཡིག་ནང་། ཉེ་ཆར་རྒྱ་ནག་གཞུང་གིས་ལྷ་སའི་གནམ་ཐང་གི་འཛིན་སྐྱོང་དེ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དང་། རྒྱ་ནག་སྲི་ཞུའི་མཁའ་འགྲུལ་ལས་ཁང་ཐོུང་ནས་སྐྱོང་རྒྱུ་ཡིན་ལུགས་གསལ་བསྒྲགས་སྤེལ་ཞིང་། དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་དེའི་དམིགས་ཡུལ་ནི་མཁའ་འགྲུལ་བདེ་འཇགས་ཀྱི་གནས་བབ་ཡར་རྒྱས་གཏོང་རྒྱུ་དང་དམག་འཐབ་སྐབས་རྒྱབ་སྐྱོར་གྱི་ནུས་པའི་ཚད་གཞི་མཐོ་རུ་གཏོང་རྒྱུའི་ཆེད་ཡིན་པ་བརྗོད་ཡོད་པ་རེད།
སྐུ་ཞབས་Claude Apriས་རྒྱ་གར་གྱི་ངོས་ནས་ལ་དྭགས་དང་། ཨ་རུ་ན་ཅཱལ་མངའ་སྡེའི་ནང་རྨང་གཞིའི་འཛུགས་བསྐྲུན་གྱི་ལས་གཞི་རེ་གཉིས་སྤེལ་རྒྱུར་ཡང་རྩོལ་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་རེད་ཅེས་དང་། འོན་ཀྱང་རྒྱ་ནག་གི་འཆར་གཞི་ཆེན་པོ་དེས་རྒྱ་གར་གྱི་དམག་དོན་འཐབ་ཇུས་ཐོག་ཤུགས་རྐྱེན་ཆེན་པོ་བཟོ་རྒྱུ་ཡིན་པ་གསུངས་འདུག
སྐུ་ཞབས་ཨཔ་རིས་བོད་ནང་ཡུལ་བསྐོར་སྤྲོ་འཆམ་པ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། འགྲིམ་འགྲུལ་སྟབས་བདེ་བཟོ་སླད་ངེས་པར་གནམ་ཐང་དང་རི་ལིའི་འགྲུལ་ལམ་སོགས་ཡར་རྒྱས་གཏོང་དགོས་པ་ནི་དགོས་ངེས་ཤིག་ཡིན་ཡང་། རྒྱ་ནག་གི་ངོས་ནས་ཡར་རྒྱས་ཀྱི་འཛུགས་བསྐྲུན་དེ་དག་ནི་རྒྱ་གར་དང་རྒྱ་ནག་དབར་དམག་འཐབ་གྱི་དོན་རྐྱེན་འབྱུང་ཚེ་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེ་ཞིག་ཆགས་རྒྱུ་ཡིན་སྟབས་ལྷ་སའི་གནམ་ཐང་དེ་རྒྱ་ནག་གི་དམག་དཔུང་དང་ཞི་བའི་སྲི་ཞུའི་མཁའ་འགྲུལ་ཚན་པ་ཐོུང་གི་འཛིན་སྐྱོང་འོག་འཇོག་རྒྱུའི་ཐག་གཅོད་བྱས་པའི་དམིགས་ཡུལ་གཙོ་བོ་དེ་ཡིན་པ་གསུངས་ཡོད་པ་རེད།
དེ་མིན་ཡང་ཆབ་མདོ་དང་། ཀོང་པོ། ཉིང་ཁྲི། ནག་ཆུ་དང་དཀར་མཛེས། སྟོད་དགུན་ས་སོགས་བོད་ཀྱི་ས་ཁུལ་མང་པོའི་ནང་རྒྱ་ནག་གཞུང་གིས་གནམ་ཐང་རྒྱབ་ཟིན་ཞིང་། གཞིས་ཀ་རྩེར་ཡང་གནམ་ཐང་ཞིག་ཡོད་པ་དེ་ཕྱི་ལོ་༢༠༡༠བར་དམག་དོན་ཁོ་ནའི་ཐད་བེད་སྤྱོད་བྱས་ཡོད་པ་གསུངས་ཞིང་། ཁོང་གིས་དེ་ཙམ་མིན་པར་རྒྱ་ནག་གཞུང་གིས་མགྱོགས་ཚད་ཧ་ཅང་མྱུར་པོའི་ཐོག་ནས་བོད་ནང་གི་རི་ལིའི་འགྲུལ་ལམ་འཕེལ་རྒྱས་གཏོང་བཞིན་པ་དེ་དག་གི་ཐད་ད་ལྟའི་རྒྱ་གར་གཞུང་གི་ངོས་ནས་དོ་སྣང་ཆེ་ཙམ་བྱེད་དགོས་པར་མ་ཟད། རྒྱ་གར་གྱི་ངོས་ནས་རྒྱ་དཀར་ནག་གི་ས་མཚམས་ས་ཁུལ་གྱི་རྨང་གཞིའི་འཛུགས་བསྐྲུན་གྱི་ལས་གཞི་ཁག་ཧ་ཅང་དལ་པོས་སྤེལ་བཞིན་པ་དེ་དག་མགྱོགས་སུ་གཏོང་རྒྱུར་འབད་བརྩོན་ངེས་པར་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེ་བཏོན་གནང་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།
བོད་ནང་འཛུགས་བསྐྲུན་གནང་བ་རྒྱ་གར་གྱི་བདེ་འཇཊ་དང་འབྲེལ་བ།
