ཨ་རིས་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོས་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད།


2020.10.21
སྲིད་སྐྱོང་མཆོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་མཆོག་དང་མཇལ་འཕྲད། ༢༠༢༠།༡༠།༡༥། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རི་གཞུང་གིས་གསར་དུ་བསྐོ་གཞག་གནང་བའི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་སྐུ་ཞབས་Robert Destro་མཆོག་དང་མཇལ་འཕྲད་གནང་འདུག
བོད་མིའི་སྒྲིག་འཛུགས།

ཨ་མི་རི་ཀས་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོས་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་གིས་མ་དགའ་བའི་སྐྱོན་བརྗོད་བྱས་འདུག
རྒྱ་གར་གཞུང་གིས་ཐེ་ཝན་དང་ཚོང་དོན་གྱི་གྲོས་མོལ་འགོ་འཛུགས་ཀྱི་ལས་དོན་དང་། ཨ་མི་རི་ཀས་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་མཇལ་འཕྲད་གནང་བའི་གནད་དོན་གཉིས་ཀྱི་ཐོག་མ་དགའ་བར་སྐྱོན་བརྗོད་བྱས་འདུག
དེ་ཡང་འདི་ཚེས་༢༠རེས་གཟའ་མིག་དམར་ཉིན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ཀྲའོ་ལི་ཇང་ཡིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག རྒྱ་གར་གྱི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་དེར་བརྩི་འཇོག་བྱས་ནས་ཐེ་ཝན་གྱི་གནད་དོན་ཐད་ཡིད་གཟབ་གནང་དགོས་པའི་ཉེན་བརྡ་བཏང་ཡོད་པ་དང་། ཁོང་གིས་དེ་ལྟར་བརྗོད་དགོས་དོན་ནི། ཉེ་དུས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་། རྒྱ་གར་གྱི་ངོས་ནས་ཐེ་ཝན་དང་ཚོང་འབྲེལ་གྱི་འབྲེལ་ལམ་འཛུགས་རྒྱུར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་ཐོན་བཞིན་པས་ཡིན་པ་རེད།
གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཞིག་གིས། ཉེ་ཆར་ཨ་མི་རི་ཀའི་གཞུང་གིས་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་སྐུ་ཞབས་(Robert Destro)ལགས་བསྐོས་ནས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་མཇལ་འཕྲད་གནང་བའི་གནད་དོན་དེའི་སྐོར་དྲིས་སྐབས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་དེས། བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པ་དང་། ཕྱིའི་སྟོབས་ཤུགས་སུ་རུང་གིས་དེའི་ཐོག་ཐེ་གཏོགས་བྱེད་ཆོག་གི་མ་རེད་ཅེས་དང་། ཨ་མི་རི་ཀའི་གཞུང་གིས་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་གནང་བའི་ལས་དོན་དེ་ནི། སྲིད་དོན་གྱི་ངན་བྱུས་ཤིག་ཡིན་ལུགས་དང་། དེའི་དམིགས་ཡུལ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཆེད་ཡིན་པ་མ་ཟད། དེས་བོད་ནང་གི་འཛུགས་བསྐྲུན་ཡར་རྒྱས་དང་བརྟན་ལྷིང་ལ་གནོད་ཚབས་གཏོང་ཆེད་ཡིན་ལུགས་བརྗོད་ཡོད་པ་མ་ཟད། ད་དུང་ཁོང་གིས་བཙན་བྱོལ་བོད་གཞུང་ཟེར་བ་དེ་ཁ་བྲལ་རིང་ལུགས་ཀྱི་ཚོགས་པ་ཞིག་ཡིན་ལུགས་དང་། དེས་བོད་རང་བཙན་གྱི་ལས་དོན་སྤེལ་གྱི་ཡོད་པའི་སྐོར་བརྗོད་ཡོད་པ་རེད།
དེའི་ཐད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་སྔོན་མ་ནས་ཨ་མི་རི་ཀ་གཞུང་གིས་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད་ལ། ལྷག་པར་ཉེ་བའི་གནས་ཚུལ་ལས་གསལ་བོ་ར་སྤྲོད་བྱུང་ཡོད། རྒྱ་ནག་གཞུང་གིས་དེའི་ཐད་ངོ་རྒོལ་སྐྱོན་བརྗོད་དང་ལོག་བཤད་བྱེད་བཞིན་པ་ནི་གསལ་བ་གང་ཡང་མ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
དེ་བཞིན་ཡང་བོད་གནས་ཉམས་ཞིབ་པ་(Warren Smith)ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ། ཨ་མི་རི་ཀས་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོས་བ་དང་། དམིགས་བསལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་མཇལ་འཕྲད་གནང་བ་ནི་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་པ་དང་། དེའི་ཐོག་ནས་ཨ་རིའི་ངོས་ནས་བོད་ཀྱི་གནད་དོན་ཐད་དོ་སྣང་ཆེན་པོ་བྱེད་བཞིན་པ་མཚོན་ལ་དེ་བཞིན་གྱིས་རྒྱ་ནག་ལ་བརྡ་ལན་ཞིག་སྤྲད་ཡོད། དུས་རྒྱུན་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མི་ཁ་བྲལ་རིང་ལུགས་པ་ཡིན་ཚུལ་དང་། རང་བཙན་རྩོད་བཞིན་པའི་སྐྱོན་བརྗོད་བྱེད་བཞིན་པ་ནི། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐད་གྲོས་མོལ་བྱེད་འདོད་མེད་པར་གཡོལ་ཐབས་ཆེད་ཡིན་པ་དང་། བོད་ཀྱི་དཀའ་རྙོག་སེལ་ཐབས་མི་བྱེད་གཡོལ་ཐབས་བྱེད་བཞིན་པ་ངོ་སྤྲོད་གནང་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎