༄༅༎ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་བར་གལ་ཆེའི་ཚོང་འབྲེལ་གྱི་གྲོས་མོལ་ཐོག་མ་དེ་གཟའ་འཁོར་དེའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་རྒྱུ་ཡིན་པའི་སྐོར་དེ་རིང་ཐའེ་ལྦན་དང་རྒྱ་ནག་ཕྱོགས་གཉིས་ཀས་བཤད་ཡོད་པ་རེད།
ཐའེ་ལྦན་གྱི་ཕྱོགས་ནས་ཚོང་ལས་ཀྱི་གྲོས་མོལ་གནང་བར་ཐའེ་ལྦན་ཕྱི་ཕྱོགས་མཛའ་འབྲེལ་ཐེབས་རྩ་ཁང་གི་ཚོགས་གཙོ་གཞོན་ལ་ཀའོ་ཀུང་ལེན་གྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་དང། རྒྱ་ནག་ཕྱོགས་ནས་ཐའེ་ལྦན་མཚོ་ཁའི་བར་འབྲེལ་ལམ་འཛིན་མཁན་གྱི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲེང་ལི་ཀྲོང་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པའི་བར་གྲོས་མོལ་བྱ་རྒྱུ་ཡིན་ཞིང། རེས་གཟའ་མིག་དམར་ཉིན་གྲོས་མོལ་དངོས་སུ་འགོ་བཙུགས་ཏེ་ཉིན་གཅིག་རིང་གི་གྲོས་མོལ་དེའི་རིང་ལ་ཕྱོགས་གཉིས་པོའི་གྲོས་མོལ་སྐུ་ཚབ་ཀྱིས་གནད་དོན་མང་པོ་ཞིག་ཐོག་གྲོས་མོལ་ལྷུག་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་རེད། ཐའེ་ལྦན་དང་རྒྱ་ནག་གི་སྐུ་ཚབ་ཚོགས་པ་དེ་ནི། བར་སྐབས་རྒྱ་ནག་དང་ཐའེ་ལྦན་བར་དུ་གཞུང་འབྲེལ་གྱི་འབྲེལ་ལམ་སྟོང་ཆ་ལྷག་པ་ཁ་སྐོང་བྱ་རྒྱུ་ཕྱོགས་གཉིས་ཀའི་གཞུང་གིས་མོས་མཐུན་བྱུང་བའི་སྐུ་ཚབ་ཚོགས་པ་ཞིག་ཡིན་པ་དང། རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་ལ། ད་རེས་ཐའེ་ལྦན་དང་རྒྱ་ནག་གི་སྐུ་ཚབ་བར་གྱི་གྲོས་མོལ་བྱ་རྒྱུའི་ནང་དོན་གཙོ་བོ་ནི། ཕྱོགས་གཉིས་བར་ཚོང་ལས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་རྒྱུའི་ཐོག་བཀའ་བསྡུར་བྱ་རྒྱུ་ཡིན་པ་བཀོད་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་ཐའེ་ལྦན་གྱི་ལྷན་དུ་གལ་འགངས་ཆེ་བའི་ཚོང་ལས་ཀྱི་གྲོས་མཐུན་དེ་གྲོས་ཆམ་ཡོང་རྒྱུའི་རེ་འདོད་ཆེན་པོ་བྱེད་ཀྱི་ཡོད་ཀྱང། ཐའེ་ལྦན་མི་དམངས་ནང་རྒྱ་ནག་དང་ཐའེ་ལྦན་བར་ཚོང་འབྲེལ་ཉེ་རུ་གཏོང་རྒྱུར་འདོད་མོས་མི་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། དམིགས་བསལ་ཐའེ་ལྦན་རང་བཙན་ཕྱོགས་སུ་མདུན་བསྐྱོད་བྱེད་མཁན་དམངས་གཙོ་ཡར་རྒྱས་ཚོགས་པས་སྲིད་འཛིན་མཱ་དབྱིང་ཅོ་ཡིས་རྒྱ་ནག་དང་ཚོང་འབྲེལ་ཉེ་རུ་གཏོང་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང། འབྲེལ་ལམ་དེ་ཡིས་ཐའེ་ལྦན་རང་བཙན་ཕྱོགས་སུ་བསྐྱོད་རྒྱུར་འགོག་རྐྱེན་དུ་འགྱུར་རྒྱུ་ཡིན་པ་བློ་འཚབ་གནང་གི་ཡོད་པ་རེད།