རྒྱ་ནག་གཞུང་གིས་དྲག་པོའི་དམག་གི་སྔོན་རྩིས་འགྲོ་གྲོན་བརྒྱ་ཆ་བདུན་ལྷག་སྤར་འཆར་འདུག

པེ་ཅིང་དུ་ཡོད་པའི་རྒྱ་ནག་གཞུང་གི་དམག་གི་རྟེན་གཞི་ཞིག་གི་ནང་། ༧།༢༤།༢༠༡༢
པེ་ཅིང་དུ་ཡོད་པའི་རྒྱ་ནག་གཞུང་གི་དམག་གི་རྟེན་གཞི་ཞིག་གི་ནང་། ༧།༢༤།༢༠༡༢ (Reuters)

འདི་ཚེས་༨་རེས་གཟའ་མིག་དམར་ཉིན། རྒྱ་ནག་གི་དཔལ་འབྱོར་ལྷན་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གི་ལོ་འདིའི་ནང་གི་བདེ་སྲུང་གི་དངུལ་རྩིས་འཆར་གཞི་ལོ་སྔོན་མ་ལས་བརྒྱ་ཆ་བདུན་དང་གྲངས་ཆུང་གཅིག་གིས་མང་དུ་གཏོང་རྒྱུ་ཡིན་སྐོར་བརྗོད་པ་ཐེ་ཝན་དུས་བབ་(Taipei Times)་ཞེས་པའི་གསར་ཤོག་གིས་གནས་ཚུལ་བཏོན་འདུག
རྒྱ་ནག་གཞུང་གི་ལོ་འདིའི་དྲག་པོའི་དམག་གི་དངུལ་རྩིས་འཆར་གཞིའི་དངུལ་འབབ་དེ་མ་གནས་ཨ་སྒོར་ཐེར་འབུམ་༢༢༩་དང་གྲངས་ཆུང་ལྔ་གཏོང་རྒྱུ་ཡིན་པ་དེ་ནི་ཐེ་ཝན་གྱི་དྲག་པོའི་དམག་གི་ཐོག་གཏོང་རྒྱུའི་དངུལ་འབོར་ལས་ལྡབ་བཅུ་བདུན་ཙམ་མང་བ་ཆགས་ཀྱི་ཡོད་པ་རེད་འདུག
ཐེ་ཝན་གྱི་ལོ་འདིའི་དྲག་པོའི་དམག་གི་འགྲོ་གྲོན་དངུལ་འབོར་དེ་མ་གནས་ཨ་སྒོར་ཐེར་འབུམ་བཅུ་གསུམ་དང་ས་ཡ་གསུམ་བརྒྱ་ཐམ་པ་དེའི་ནང་གཞུང་གི་ལས་བྱེད་པའི་ཕོགས་ཐོབ་སྤར་ཆ་གནང་རྒྱུའི་དངུལ་འབོར་ཡང་ཚུད་ཡོད་པ་རེད། ཡིན་ན་ཡང་དངུལ་རྩིས་དེར་དམག་གི་གནམ་གྲུ་ལ་སོགས་པ་མཁོ་སྒྲུབ་ཆེད་དམིགས་བསལ་གྱི་དངུལ་རྩིས་འཆར་གཞི་ཁག་གཉིས་བཞག་ཡོད་པའི་ནང་ཐེ་ཝན་གྱི་དངུལ་ལོ་ཐེར་འབུམ་༤༠༠་ཡོད་པ་གཅིག་དང་ཐེར་འབུམ་༤༨༠་ཡོད་པ་གཉིས་ཚུད་མེད་པ་རེད་འདུག
ཐེ་ཝན་གྱི་(National Taiwan University)་ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་སྲིད་དོན་གྱི་སློབ་དཔོན་གཞོན་པ་སྐུ་ཞབས་(Chen Shih min)་ཡིས། ཐེ་ཝན་གྱིས་རྒྱ་ནག་གི་དྲག་པོའི་དམག་གི་དངུལ་རྩིས་ཐོག་འགྲན་བསྡུར་བྱེད་ཡུལ་བྲལ་བར་བརྟེན་ཐེ་ཝན་གྱི་ངོས་ནས་གལ་སྲིད། རྒྱ་ནག་གཞུང་གིས་ཐེ་ཝན་ནང་བཙན་འཛུལ་བྱས་པ་ཡིན་ན་རྒྱ་ནག་ལ་རྒྱལ་ཁ་ཐོབ་ཐུབ་རྒྱུ་མེད་པ་ཞིག་བཟོ་རྒྱུར་ཐེ་ཝན་གྱི་སྲུང་སྐྱོབ་ཁོ་ནའི་ཐོག་དོ་སྣང་དང་འགྲོ་གྲོན་གཏོང་རྒྱུ་དེ་གནད་འགག་ཆེན་པོ་ཡིན་པའི་སྐོར་གསུང་འདུག
གཞན་ཡང་དྲག་པོའི་དམག་འཐབ་ཐོག་མཁས་པ་ཁག་ཅིག་གིས། ཐེ་ཝན་ལ་མེ་ཤུགས་འཕུར་མདེལ་མང་དག་ཅིག་ཡོད་པ་དེས་གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་པ་ཡིན་ན་མེ་ཤུགས་འཕུར་མདེལ་དེ་དག་གིས་རྒྱ་ནག་གི་བཙན་འཛུལ་དེ་འགོག་ཐུབ་རྒྱུ་ཡིན་པའི་སྐོར་གསུང་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།