འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་༢༣༠༠ལྷག་འཇུ་བཟུང་།
2015.01.08

༢༠༡༣ལོར་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་མི་གྲངས་༢༣༠༠་ལྷག་འཛིན་བཟུང་དང་ཁྲིམས་བཏུགས་བྱས་ཡོད་འདུག
དེ་ཡང་ཨ་རིའི་ནང་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་Dui Huaཞེས་པ་དེ་ཡིས། དེ་རིང་རེས་གཟའ་ཕུར་བུའི་ཉིན་། རྒྱ་ནག་དབུས་གཞུང་གི་ཁྲིམས་འཛིན་ལས་ཁུངས་ནས་། ༢༠༡༣ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་གྱི་ནག་ཉེས་བཙུགས་པའམ་འཛིན་བཟུང་བྱས་པ་ཁྱོན་མི་གྲངས་ཉིས་སྟོང་སུམ་བརྒྱ་བཅོ་བརྒྱད་བྱུང་ཡོད་པའི་བསྡོམས་ཐོ་ཞིག་བཏོན་པ་ནས་ལུང་འདྲེན་བྱས་ཏེ་སྙན་ཐོའི་ནང་བཀོད་ཡོད་པ་མ་ཟད། ད་དུང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་ཡིས། རྒྱ་ནག་གཞུང་གིས་མུ་མཐུད་ནས་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་གྱི་མི་དམངས་ཐོག་ལ་དྲག་གནོན་ལག་བསྟར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཀྱང་གནང་ཡོད་པ་རེད། ཡང་ཨ་རིའི་ནང་དུ་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་ཀྱང་དེ་རིང་ལོག་ཏུ་སྙན་ཐོ་ཞིག་བཏོན་པའི་ནང་ལ། རྒྱ་ནག་གཞུང་གིས། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གསུམ་ནང་དུ་སྒྱུ་སྩལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའམ་དམངས་གཙོ་དོན་གཉེར་ཅན་ཁྲིམས་འགལ་གྱིས་བཀག་ཉར་དོ་དམ་བྱས་པ་དང་། ཉེས་རྡུང་མནར་གཅོད་བཏང་བའི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་པ་དང། རྒྱ་ནག་གཞུང་གིས་དེ་སྔ་༡༩༩༠ གོ་གྲངས་ནང་གསར་བརྗེར་ངོ་རྒོལ་བྱེད་མཁན་གྱི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་པའི་སྲིད་ཇུས་དེ་ད་ཆ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་གྱི་ནག་ཉེས་འདོགས་སྟངས་བརྗེ་འགྱུར་བྱས་ཡོད་པ་དང། ནག་ཉེས་འདོགས་སྟངས་བརྗེ་འགྱུར་བྱས་པ་ཡིན་ནའང་དོན་དུ། རྒྱ་ནག་གཞུང་གིས། ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་གནང་མཁན་དང་དམངས་གཙོ་དོན་གཉེར་ཅན་གྱི་ཐོག་ལ་དྲག་གནོན་བྱ་རྒྱུའི་དམིགས་ཡུལ་ཡིན་ཞིང། ཉེ་བའི་ལོ་འགའ་ཤས་དེའི་ནང་བོད་མི་དང་ཡུ་གུར་བ་ཚོས་རྒྱ་ནག་གཞུང་ལ། སྤྱི་དམངས་ཀྱི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་དང།་རྒྱ་ནག་གཞུང་གིས་ཁོང་ཚོའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་པའི་སྐོར་སོགས་བཀོད་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།